འཐུང་ཆུ་མེད་པའི་དཀའ་ངལ་བྱུང་སྟེ་ཡོད་མི་ སོན་བཏབ་ས་གཡུས་ཚན།

རྩི་རང་སྟོད་རྒེད་འོག་ སོན་བཏབ་ས་གཡུས་ཚན་ནང་ འཐུང་ཆུ་མེད་པའི་དཀའ་ངལ།

༉ བཀྲིས་སྒང་ཝམ་རོང་ལས་ སྐྱེས་ལོ་༤༤ ལང་མི་ ཆོས་འཛོམས་ཀྱིས་ ལོ་ངོ་༡༡ གི་ཧེ་མར་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི རེ་བ་བསྐྱེད་པའི་ཤུལ་ལུ་ མོ་རའི་ ཕ་ཡུལ་བཀོག་བཞག་སྟེ་ རྩི་རང་སྟོད་རྒེད་འོག་ སོན་བཏབ་ས་གཡུས་ཚན་ནང་སྡོད་མི་ མོ་རའི་ བཟའ་ཚང་དང་གཅིག་ཁར་ གནས་སྤོ་སྟེ་སྡོད་ནུག།
ཨིན་རུང་ ས་གནས་གསརཔ་ནང་ འཐུང་ཆུ་མ་ལང་པའི་དཀའ་ངལ་ སྦོམ་ཡོདཔ་མཐོང་མི་དེ་ རྣམ་རྟོག་ལང་པའི་ གཞི་ཅིག་ལུ་གྱུར་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ཞིང་ནང་ལཱ་འབད་རུང་ ལྟོ་འབད་རུང་ ཧོད་ཚུ་འཁྱུ་རུང་ ཆུ་བཤལ་རྐྱབ་རུང་ ཆུ་དེ་མེད་ཐབས་མེདཔ་ཅིག་འབདཝ་ལས་ ཆུ་ལུ་ར་ བརྟེན་སྡོད་དགོ་པས་ཟེར་ ཨིན་པས།
མོ་གིས་བཤད་མིའི་ནང་ ཆུ་མེད་པ་ཅིན་ འཕྲལ་འཕྲལ་སྐབས་ ལཱ་ག་ཅི་ཡང་ འབད་མི་ཚུགས་པས་ཟེར་ཨིནམ་ད་ ཨ་ལོ་༣ གྱི་ཨའི་གིས་འབད་བ་ཅིན་ ཆུའི་ཀ་ལི་ནང་ལས་ ཆུ་ཐོན་སར་མཐོངམ་ད་ ལཱ་གཞན་ག་ཅི་ཡོད་རུང་ བཀོག་བཞག་སྟེ་ ཧོད་ཡོད་ཚད་ཅིག་ནང་ ཆུ་བཀང་བཞགཔ་ཨིན་ཟེར་ ཨིན་པས།
ད་རེས་ སོན་བཏབ་ས་གཡུས་ཚན་ནང་ ཁྱིམ་གུང་༢༨ ཡོདཔ་ཨིན་པས།
ད་རུང་ གཡུས་ཚན་དེ་ནང་སྡོད་མི་ དི་ན་ནཱཐ་ ཨ་དི་ཀ་རི་གིས་ སླབ་མིའི་ནང་ ཁོ་གི་ཁྱིམ་ནང་ གླ་ཁར་ལེན་སྡོད་མི་༡༠ དེ་ཅིག་ཡོདཔ་བཞིན་དུ་ ཆུ་བསགས་བཞག་སྟེ་ ཟླཝ་༣ དེ་ཅིག་གི་རིང་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ མ་གཞི་ ཆུ་གཡུར་བསལ་བར་འགྱོ་བའི་སྐབས་ ཆུ་ལངམ་སྦེ་ཡོད་པ་ཅིན་ དཀའ་ངལ་མི་འཐོན་ནི་ཨིན་རུང་ ཐེངས་མང་རབས་ཅིག་ར་ ཆུ་གཡུར་བསལ་བར་སོང་མི་དེ་ དུས་ཚོད་འཕྲོ་བརླག་འགྱོ་བའི་ གཞི་ཨིན་མས་ཟེར་ ཨིན་པ།
ཁོ་གི་ཁྱིམ་ནང་ གླ་ཁར་སྡོད་མི་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ བསགས་བཞག་མི་ཆུ་འཐུང་ནི་དེ་ གཙང་སྦྲ་མེད་ནི་དེ་གིས་ གཟུགས་ཁར་མ་འཕྲོདཔ་མ་ཚད་ ན་ཚ་ཡང་ བྱུངམ་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ གཡུས་ཚན་དེ་ནང་སྡོད་དེ་ ལོ་༦ ལང་སོ་རུང་ ཆུ་གི་སྐོར་ལས་ ལེགས་འགྱུར་ག་ནི་ཡང་ མ་མཐོང་ཟེར་ཨིན་པས།
ཆོས་འཛོམས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་བདུན་ཕྲག་ནང་ གཡུས་མི་ཚུ་འཛོམས་ཏེ་ ཉམས་བཅོས་འབད་ནིའི་སྐོར་ལས་ གྲོས་བསྟུན་འབད་མི་དེ་ལུ་ལྟཝ་ད་ དོན་སྨིན་འབྱུང་མི་ཚུགས་ཟེར་ཨིནམ་ད་ མ་གཞི་ སོན་བཏབ་ས་གཡུས་མཇུག་གི་ ཁྱིམ་གུང་ཚུ་འབད་བ་ཅིན་ ཁྱིམ་གུང་ལ་ལོ་ཅིག་ གཙང་ཆུའི་སྦོ་ལོགས་ཁར་ཡོདཔ་ལས་ གཙང་ཆུ་ནང་ལས་ ཆུ་དབོགས་འབག་དོ་ཡོད་པའི་ཁར་ ཁྱིམ་གུང་ལ་ལུ་ཅིག་ ཨོམ་ཆུ་ལོངས་སྤྱོདཔ་ཨིན་རུང་ སོན་བཏབ་ས་སྟོད་ལུ་ ཆུའི་ཐོན་ཁུངས་ ག་ནི་ཡང་ མེད་ཟེར་ཨིན་པས།
ན་ཧིང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ཆུ་དུང་བགོ་བཀྲམ་འབད་མི་དེ་གིས་ ཆུ་འཐོབ་ནིའི་དོན་ལུ་ དུམ་གྲ་ཅིག་ ཆ་རོགས་འབད་ཡོད་རུང་ ཡུདཔ་ཅིག་ལས་ གནས་སྟངས་དེ་ སྔར་བཞིན་དུ་ ལུས་སོ་ཡི་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ འཕྲིན་ལས་དབང་འདུས་ཀྱིས་ སླབ་མིའི་ནང་ ཆུ་རྐ་དེ་ ལམ་ཐག་རིང་ནི་དེ་གིས་ ཆུ་འབག་སྟེ་ བསྐྱལ་མི་ཚུགས་དོ་ཡོདཔ་ད་ ཕར་ཚུར་འགྲོ་འགྲུལ་འབད་མི་ ལ་ལུ་ཅིག་གིས་ སྐབས་སྐབས་ཁོང་རའི་སྣུམ་འཁོར་ནང་ འབག་འོང་དོ་ཡོད་མི་ལས་ བྱིནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུ་རྐ་དེ་ ཕུན་བརྟན་ཆུ་རྒེད་འོག་ནང་ཡོད་ནི་དེ་གིས་ དེ་ཁར་ལྷོད་ནི་ལུ་ ཉིནམ་༡ འགོརཝ་མ་ཚད་ གནམ་དགུན་ ཆུ་རྐ་སྐམ་འགྱོཝ་ད་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་འགྱོཝ་མས་ཟེར་ཨིན་པས།
རྩི་རང་སྟོད་ཀྱི་ཚོགས་པ་ རྟ་མགྲིན་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་འཚོགས་པའི་ འཛོམས་འདུ་དེ་ནང་ རྩི་རང་སྟོད་རྒེད་འོག་ནང་ མཐུད་སྦྲེལ་འབད་ཚུགས་པའི་ ས་གནས་ད་མཁོ་ལ་ལས་ ཆུ་རྐ་ངོས་འཛིན་འབད་ནིའི་སྐོར་ལས་ ཁ་སླབ་ཅི་ཟེར་ཨིན་པས།
རྩི་རང་སྟོད་རྒཔོ་ ནར་བཱ་དུར་རའི་གིས་ སླབ་མིའི་ནང་ འཐུང་ཆུ་དེ་ རྩི་རང་སྟོད་རྒེད་འོག་གི་ མི་སེར་ཚུ་ལུ་ གཙོ་རིམ་ཅན་ཅིག་ཨིནམ་བཞིན་དུ་ གཡུས་ཚན་མང་ཤོས་ཅིག་ནང་ འཐུང་ཆུའི་དཀའ་ངལ་ཡོད་རུང་ སོན་བཏབ་ས་གཡུས་ཚན་སྟོད་ལུ་འབད་བ་ཅིན་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ འཐུང་ཆུ་དེ་ གཙོ་རིམ་ཅན་གྱི་ལས་རིམ་སྦེ་ ཆ་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ རྩི་རང་སྟོད་རྒེད་འོག་རྐྱངམ་གཅིག་མེན་པར་ ཕུན་བརྟན་ཆུ་དང་ སེམས་ལྗོངས་རྒེད་འོག་༢ ཆ་རའི་ནང་ ཆུའི་དཀའ་ངལ་ བསལ་ཚུགས་ཟེར་ཨིན་པས།
ཆོས་འཛོམས་ཀྱིས་ སླབ་མིའི་ནང་ དུས་ཅི་ ཆུའི་དཀའ་ངལ་སྦོམ་སྦེ་ར་ ཐོན་ཡི་ཟེར་ཨིནམ་ད་ ནོར་སེམས་ཅན་ཚུ་ལུ་ཡང་ རྩྭ་དང་གཅིག་ཁར་བྱིན་ནིའི་ ཆུ་མེད་མི་ལུ་བརྟེན་ གཞན་ལུ་བྱིན་དགོཔ་ཐོན་སོ་ཡི་ཟེར་ཨིནམ་ད་ ཆུ་མེད་ནི་དེ་གིས་ ངང་ལག་ཤིང་གི་འདབ་མ་ཚུ་ བྱིན་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཡུས་ཁར་ སྒོ་ནོར་སེམས་ཅན་ཚུ་ གསོ་མ་ཚུགས་པར་ ལཱ་ཁག་རྐྱབ་ནི་དེ་གིས་ ད་ལྟོ་ མོ་ལུ་ནོར་ཕུད་རྡོག་༡ ལས་མེད་ཟེར་ཨིནམ་ད་ མོ་གིས་ ས་གནས་དེ་ནང་འོང་པའི་ཤུལ་ལུ་ བློ་འགྱོད་བསྐྱེད་རུང་ ས་གནས་ག་ཏེ་ཡང་ ཆུ་རྐ་ཚུ་ སྐམ་འགྱོ་ནི་དེ་གིས་ མོ་གི་གཡུས་ཁར་ཡང་ གནས་སྟངས་དེ་ དེ་སྦེ་ར་ འབྱུང་ནི་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *