རྩི་རང་ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཨེ་མ་ཚུ་ བཙོང་པའི་བསྒང་།

རྩི་རང་ལུ་ ནང་འདྲེན་འབད་མི་ཨེ་མ་ཚུ་ མི་བཙོང་དོ་ཡོདཔ།

༉ ད་རེས་ཀྱི་ གནས་སྟངས་དང་འཁྲིལ་བ་ཅིན་ རྩི་རང་དེ་ ཨེ་མ་ཐོན་སྐྱེད་འབད་ནིའི་ནང་ རང་མགོ་རང་འདྲོངས་ཡོད་པའི་ རྫོང་ཁག་ཅིག་ལུ་ འགྱུར་ནི་ཨིན་པས།
མ་གཞི་ ན་གཞོན་ཚོང་འབྲེལ་མཉམ་འབྲེལ་གྱིས་ རྒྱ་གར་གྱི་མངའ་སྡེ་ ཀཱོལ་ཀ་ཏ་ལས་ ནང་འདྲེན་འབད་མི་ ཨེ་མ་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་རུང་ ཚོད་བསྲེ་ཚོང་པ་ཚུ་གིས་ མི་ཉོ་དོ་ཡོདཔ་ཨིན་པས།
རྩི་རང་གི་ མི་ཚུ་གིས་འབད་རུང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨེ་མ་ཚུ་ར་ བཟའ་སྤྱོད་འབད་དོ་ཡོདཔ་ད་ སོ་ནམ་པ་ཚུ་གིས་ ནང་འཁོད་ཀྱི་ཨེ་མ་དང་ རྒྱ་གར་གྱི་ཨེ་མ་ ཡོངས་གྲགས་ལུ་ བྱི་ཙི་ཨེ་མ་ཟེར་མི་ གཉིས་ཆ་ར་ འཛུགས་སྐྱོང་འབད་དོ་ ཡོདཔ་ཨིན་པས།
ཨེ་མ་ཚོང་པ་ཚུ་གིས་ བཤད་མིའི་ནང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨེ་མ་ཚུ་དང་ཕྱདཔ་ད་ ནང་འདྲེན་འབད་མི་ཚུ་ གོང་མཐོ་བའི་ཁར་ ཡུདཔ་ཐེངས་ཅིག་ནང་ རུལ་འགྱོཝ་མས་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་ ཇོ་ཏི་ ནེ་པཱལ་གྱིས་ སླབ་མིའི་ནང་ རྫོང་ཁག་ནང་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཨེ་མ་ཐོབ་ད་ ནང་འདྲེན་འབད་དགོཔ་ མི་མཐོངམ་མས་ཟེར་ཨིན་པས།
དེ་མ་ཚད་ ན་གཞོན་ཚོང་འབྲེལ་མཉམ་འབྲེལ་ལས་ ནང་འདྲེན་འབད་བའི་ ཨེ་མ་ཚུ་ཉོ་བའི་སྐབས་ ཚར་གཅིག་གུ་ ཀེ་ཇི་༢༠༠ དང་༣༠༠ དེ་རེ་ཉོ་དགོཔ་ད་ དེ་ཚུ་ ཁོང་རའི་ས་ཁོངས་ནང་ ལྷོད་པའི་བསྒང་ལས་ མང་ཤོས་ཅིག་ར་ རུལ་འགྱོཝ་མས་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ ན་ཧིང་ ནང་འདྲེན་འབད་བའི་ ཨེ་མའི་གོང་ཚད་ ཉུང་སུ་ཅིག་སྦེ་ཡོདཔ་ཨིན་རུང་ དུས་ཅི་ ཀཱོལ་ཀ་ཏ་ལས་ ནང་འདྲེན་འབད་ནི་ འགོ་བཙུགས་མི་དང་འཁྲིལ་ གོང་ཚད་ཡང་ ཡར་སེང་སོང་ཡི་ཟེར་ཨིན་པས།
དེ་ལུ་བརྟེན་ རྩི་རང་ལུ་ ཨེ་མ་ཐོན་སྐྱེད་འབད་མི་ཚུ་ལུ་ ཚོང་འབྲེལ་གྱི་ གནས་སྟངས་ལེགས་ཤོམ་ཅིག་སྦེ་ མཐོང་ཡོདཔ་ཨིན་པས།
ད་རེས་ཁམས་ ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨེ་མ་བཙོང་མི་ མང་ཤོས་ཅིག་ར་ མགོ་གསར་གླིང་རྒེད་འོག་གི་ མི་སེར་ཚུ་ཨིནམ་སྦེ་ མཐོང་ཡོདཔ་ད་ སྐྱེས་ལོ་༥༢ འབད་མི་ བསོད་ནམས་ཆོས་སྒྲོན་གྱིས་ ཨེ་མ་བཙོང་སྟེ་ བདུན་ཕྲག་༥ ལང་ཡོདཔ་ཨིན་པས།
མོ་གིས་ བདུན་རིམ་བཞིན་དུ་ མོ་རའི་ལྡུམ་ར་ནང་བཏགས་མི་ བྱི་ཙི་ཨེ་མ་ ཀེ་ཇི་༣༠ དེ་རེ་ འབག་འོང་དོ་ཡོདཔ་བཞིན་དུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༨༠ དང་༡༣༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
སོ་ནམ་པ་གཞན་ ལྷ་བསངས་སྒྲོལ་མ་གིས་ བཤད་མིའི་ནང་ མོ་གི་ཨེ་མ་ཚུ་ ཐིམ་ཕུག་ལུ་ བཀྲམ་སྤེལ་འབད་མི་ བར་ཚོང་པ་ཚུ་ལུ་ བཙོང་དོ་ཟེར་ཨིནམ་ད་ འདས་པའི་བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ ཨེ་མ་ཀེ་ཇི་རེ་ལུ་ རིན་གོང་དངུལ་ཀྲམ་༡༠༠ རེ་སྦེ་ བསྡོམས་ཀྱིས་ཀེ་ཇི་༤༩ བཙོང་ཡི་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་ཚུ་གིས་ སླབ་མིའི་ནང་ ས་གནས་ཀྱི་ཨེ་མ་ཚུ་ མ་རྫོགས་ཚུན་ ནང་འདྲེན་འབད་མི་ཚུ་ མི་བཙོང་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *