རྩི་རང་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ མི་ངོམ་༩ ཐོན་ཡོདཔ།

སང་ཕོད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ རྩི་རང་རྫོང་ཁག་ལས་ དང་འདོད་ཅན་གྱི་ མི་ངོམ་༩ ཐོན་ཡོད་མིའི་གྲས་ལས་༡ ཨམ་སྲུ་ཨིན་པས།

རྩི་རང་གི་ མི་སེར་ཚུ་ལུ་ གདམ་ཁ་རྐྱབ་བཅུག་ནིའི་དོན་ལས་ ཉམས་མྱོང་འདྲ་མིན་སྣ་ཚོགས་ཡོད་པའི་ མི་ངོམ་ཚུ་ཡོདཔ་ད་ དེའི་གྲས་ལས་ རྒས་ཤོས་དེ་ར་ མགོ་སེར་གླིང་རྒེད་འོག་ལས་ ཌམ་བར་ གི་མི་རེ་ཨིན་པས།

བརྒྱུད་འབྲེལ་དང་རྩལ་རིག་ནང་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི་ ཌམ་བར་ གི་མི་རེ་གིས་ ལོ་༡༦ གི་རིང་ གནས་ཚུལ་བསྡུ་བཀོད་པའི་ ཉམས་མྱོང་ཡོདཔ་ལས་ ཁོ་གིས་ མི་མང་གི་སྲིད་དོན་དང་ མི་སེར་གྱི་ མི་ཚེའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཟེར་ཨིན་པས།

ཌམ་བར་ གི་མི་རེ་ལུ་ དོ་འགྲན་འབད་མི་དེ་ རྒེད་འོག་གཅིག་ནང་ལས་ཨིན་མི་ སྐྱེས་ལོ་༢༩ ལང་མི་ ཧོམ་ནཱཊ་ ཐཱ་པ་ཨིནམ་ད་ ཁོ་གིས་ སྲིད་དོན་ནང་ ཉམས་མྱོང་ཡོད་མི་དེ་ཡང་ ཁོ་གིས་ རྒཔོ་གི་གོ་གནས་ཀྱི་དོན་ལུ་ དོ་འགྲན་འབད་ཡོདཔ་ཨིན་རུང་ ཕམ་སོ་ནུག།

དང་འདོད་ཅན་གྱི་ ཨམ་སྲུ་མི་ངོམ་གཅིགཔོ་དེ་ སྐྱེས་ལོ་༤༡ ལང་མི་ དཀོན་མཆོག་དབང་མོ་ཨིནམ་ད་ མོ་གིས་ བཅའ་མར་གཏོགས་དགོ་མི་དེ་ཡང་ ཨམ་སྲུ་གཞན་མི་ཚུ་ལུ་ དཔེ་སྟོན་དང་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ཨིན་ཟེར་ཨིན་པས།

མོ་གིས་ ལོ་༡༤ གི་རིང་ སློབ་དཔོན་སྦེ་ཕྱག་ཞུ་བའི་ཤུལ་ལས་ འགྲམ་ཕུག་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཅིག་ འགོ་བཙུགས་ཏེ་ སྡོདཔ་ཨིན་པས།

དཀོན་མཆོག་དབང་མོ་གིས་ དཀྱིལ་འཁོར་ཐང་རྒེད་འོག་ལས་ དོ་འགྲན་འབད་དོ་ཡོདཔ་ད་ མོ་རའི་ ཕམ་དང་སྤུན་ཆ་ཚུ་གིས་ མོ་གི་ཤེས་ཡོན་དང་རིག་རྩལ་ཚུ་ འཕྲོ་བརླག་མ་བཏང་པར་ ཨམ་སྲུ་གཞན་མི་ཚུ་ལུ་ཡང་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ བཅའ་མར་གཏོགས་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་གཅིག་ནང་ལས་ དཀོན་མཆོག་དབང་མོ་དང་གཅིག་ཁར་ དོ་འགྲན་འབད་མི་དེ་ སྐྱེས་ལོ་༢༩ ལང་མི་ མིག་མར་བླ་མ་ ཏ་མང་ཨིནམ་ད་ མོ་གིས་ རྒྱལ་སྤྱི་ཚོང་འབྲེལ་ནང་ མཐོ་རིམ་གོང་མའི་ཤེས་ཚད་ཡོདཔ་ཨིན་པས།

ཁོ་ལུ་ ལཱ་གཡོག་ནང་ ལོ་༤ གི་ ཉམས་མྱོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་ཁ་ཐོབ་ནི་ལས་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་བས་ཟེར་མནོ་སྟེ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།

སྲིད་དོན་ཟེར་སླབ་ད་ མི་རྒས་ཤོས་རྐྱངམ་གཅིག་གི་དོན་ལུ་མེན་པར་ ན་གཞོན་ཚུ་གིས་ཡང་ སྤྲོ་བ་བསྐྱེད་དེ་ བཅའ་མར་གཏོགས་དགོཔ་ ཁག་ཆེ་ཟེར་ཨིན་པས།

མཚོ་གླིང་ཁར་རྒེད་འོག་ལས་ བཅའ་མར་གཏོགས་མི་དེ་ སྐྱེས་ལོ་༣༣ ལང་མི་ སངས་རྒྱས་ཏ་མང་ཨིནམ་ད་ ད་ལྟོ་ཁོ་གིས་ དར་དཀར་ནང་ལུ་ ཀེ་བཱལ་གྱི་ འཛིན་སྐྱོང་པ་སྦེ་ ལཱ་འབད་དོ་ཡོདཔ་ཨིན་པས།

སངས་རྒྱས་ཀྱིས་ ས་གནས་གཞུང་གི་བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་ད་ ཁོ་གིས་ སྤྱི་འོག་གི་འཛོམས་འདུ་ནང་ ཚོགས་རྒྱན་གཉིས་ཀྱིས་ ཕམ་སོཔ་ཨིན་པས།

ཁོ་དང་གཅིག་ཁར་ རྒེད་འོག་གཅིག་ནང་ལས་ དོ་འགྲན་འབད་མི་དེ་ སྐྱེས་ལོ་༢༩ ལང་མི་ རམ་ཀུ་མར་ ནིའུ་པ་ནི་ཨིན་པས།

ཕུན་བརྟན་ཆུ་རྒེད་འོག་ལས་ ལོག་ནཱཐ་ ཏི་ཝ་རི་གིས་ ས་གནས་གཞུང་གི་ བཙག་འཐུ་ནང་བཅའ་མར་གཏོགས་ཏེ་ ཕམ་སོཔ་ཨིན་རུང་ ད་རུང་ རྒྱལ་ཡོངས་ཚོགས་སྡེ་གི་དོན་ལུ་ བཅའ་མར་གཏོགསཔ་ཨིན་པས།

ཁོ་གིས་ གཡུས་ཁ་ལུ་ ལོ་༥ སྡོད་ནི་དེ་གིས་ མི་སེར་གྱི་དཀའ་སྡུག་ཚུ་ག་ར་ ཧ་གོ་དོ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་འབད་ནི་ལུ་ འོས་འབབ་ཡོདཔ་སྦེ་ མཐོངམ་མས་ཟེར་ཨིན་པས།

རྒྱལ་ཁབ་དང་ མི་སེར་ཚུ་གི་དོན་ལས་ ཕྱག་ཞུ་ནི་ལུ་དམིགས་ཏེ་ བཅའ་མར་གཏོགསཔ་ཨིན་ཟེར་མི་དེ་ སྐྱེས་ལོ་༣༢ ལང་མི་ མནྜལ་སྒང་རྒེད་འོག་ལས་ ད་ལྟོ་ ལྟ་བཤལ་པའི་ལམ་སྟོན་པ་ཅིག་ཨིན་མི་ ར་མེཤ་ ཆེ་ཏི་རི་ བན་ཌ་རི་ཨིན་པས།

དུང་ལ་སྒང་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ ཏ་ར་བིར་ ཅུ་ཧན་གྱིས་ ནོར་གྱི་རྩྭ་ཆག་གི་ ཚོང་འབྲེལ་འཐབ་སྟེ་ ལོ་༧ ལང་ཡོདཔ་ལས་ ཁོ་གིས་མི་སེར་གྱི་ དཀའ་སྡུག་ཚུ་ ཧ་གོ་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་འཐོབ་ཚུགས་པ་ཅིན་ མི་སེར་ཚུ་གི་ མི་ཚེ་ནང་ བསྒྱུར་བཅོས་འབག་འོང་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *