པ་དམ་ལཱལ་ བིསི་ཝ་གིས་ ཁོ་རའི་ མགར་ཁང་ནང་ ལྕགས་བརྡུང་པའི་བསྒང་།

རྩི་རང་རྫོང་ཁག་ནང་ མགར་བའི་ལཱ་ ཡལ་ཉམས་འགྱོ་དོ་ཡོདཔ།

༉ པ་དམ་ལཱལ་ བིསི་ཝ་དེ་ སྐྱེས་ལོ་༡༤ ལངམ་ད་ ལྕགས་བརྡུང་ནིའི་ལག་ཆ་ཐོཝ་དང་ འཛིནམ་ཚུ་ལུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ ཨ་པ་ལུ་ ཆ་རོགས་འབད་བའི་ཤུལ་ལས་ ལྕགས་བརྡུང་ནི་དང་ བཞུ་ནི་ཚུ་ ཁོ་ར་གིས་འབད་དེ་ ཁྱིམ་ནང་གི་ ཅ་ཆས་ཚུ་བཟོ་ནུག།
སྐྱེས་ལོ་༥༩ ལང་མི་ པ་དམ་ལཱལ་ བིསི་ཝ་དེ་ རྩི་རང་རྫོང་ཁག་ནང་ མགར་བའི་ལཱ་འབད་མི་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ ཁོ་གིས་ དུས་ཚོད་མང་ཤོས་ར་ ལྕགས་བརྡུང་ཐོག་ལས་ ལག་ཆ་འདྲ་མིན་སྣ་ཚོགས་ བཟོ་བཀོད་འབདཝ་ཨིན་པས།
ཁོ་གིས་ མཚོན་ཆ་དང་ ལག་ཆ་ཚུ་གི་གྲས་ལས་ མང་ཤོས་ར་ ཟོརཝ་དང་ དཔའ་རྟགས་ གྱི་ཅུང་ཁུ་ཀུ་རི་ དེ་ལས་ ཏོག་ཙེ་ཚུ་བརྡུང་སྟེ་ བཟོ་དོ་ཡོདཔ་ཨིན་པས།
མཚོ་གླིང་སྟོད་ལུ་ ཁོ་རའི་ཁྱིམ་གྱི་རྒྱབ་ཁར་ སྦ་སྒོ་ཆུང་ཀུ་ཅིག་ཡོད་མི་དེ་ ཁོ་རའི་མགར་ཁང་ཨིནམ་ད་ དེ་ནང་ མགར་བའི་ཅ་ཆས་ སྦུདཔ་རྙིངམ་ཅིག་དང་ ཐོཝ་དག་པ་ཅིག་ དེ་ལས་ མགར་ཆས་གཞན་ཚུ་ ཕར་ཚུར་བཀྲམ་བཞག་ནུག།
པ་དམ་ལཱལ་ བིསི་ཝ་གིས་ སླབ་མིའི་ནང་ ལཱ་འབད་སའི་ མགར་ཁང་འདི་ ཕ་མའི་སྐབས་ལས་ར་ གཞི་བཙུགས་འབད་དེ་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ རྩི་རང་རྫོང་ཁག་ནང་ མགར་བའི་ལཱ་འབད་མི་ དག་པ་ཅིག་མ་གཏོགས་མེདཔ་ལས་ མགར་བཟོའི་ལཱ་དེ་ ཡལ་ཉམས་འགྱོ་ནི་གུ་ ལྷོད་ཡོདཔ་ཨིན་མས།
པ་དམ་ལཱལ་ བིསི་ཝ་ལུ་ ལྕགས་བརྡུང་སྟེ་ ཟོརཝ་༡༠༠ དང་ དཔའ་རྟགས་༡༠ དེ་ཅིག་ བཟོ་ཡོདཔ་ད་ ད་ལྟོ་ དཔའ་རྟགས་༢ བརྡུངས་ཚར་ཏེ་ཡོདཔ་བཞིན་དུ་ ཁོ་ལུ་ མགར་ཆས་ཀྱི་ མཁོ་འདོད་བཀོད་མི་ མང་ཤོས་ར་ དགེ་ལེགས་ཕུག་ལས་ ཐོན་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཁོ་གིས་ ཉིནམ་རེ་ལུ་ སོ་ནམ་ལག་ཆ་༡༢ དེ་རེ་ བརྡུངས་ཚུགས་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༡ ལུ་ ཁོ་ར་ ཁྱིམ་ཐོག་གུ་ལས་མར་ བུད་བའི་སྐབས་ ལག་གཡསཔ་དེ་ ཆག་དཀྲུམས་སོང་མི་ལུ་བརྟེན་ མགར་བའི་ལཱ་འབད་ནི་ལུ་ ཐོ་ཕོག་ཅི་ཟེར་ཨིནམ་ད་ ད་རེས་ནངས་པར་ ཉིནམ་རེ་ལུ་ ཟོརཝ་༣ ལས་བརྒལ་ བརྡུང་མ་ཚུགས་མི་ པ་དམ་ལཱལ་ བིསི་ཝ་གིས་ བཤདཔ་ཨིན་པས།
པ་དམ་ལཱལ་ བིསི་ཝ་དེ་ ལས་གཡོག་ལྷན་ཁག་གིས་ ལྕགས་ཀྱི་ལཱ་འབད་མི་ གནས་ཚད་ཨང་༢ པ་སྦེ་ ངོ་སྦྱོར་འབད་དེ་ཡོདཔ་ད་ ད་རེས་ ན་གཞོན་ཚུ་གིས་ མགར་བའི་ལཱ་ འབད་ནི་ལུ་ སྤྲོ་བ་བསྐྱེད་མི་མེདཔ་ལས་ ཉམས་ཉེན་ཅན་གྱི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་ཨིན་རུང་ མགར་ལཱ་ཉམས་སྲུང་འབད་ནིའི་དོན་ལུ་ སྤྲོ་བ་ཡོད་མི་ ན་གཞོན་ཚུ་ལུ་ ཁོ་རའི་མགར་བཟོའི་ རིག་རྩལ་ཚུ་ སྟོན་བྱིན་ནི་གི་ གྲ་སྒྲིག་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
པ་དམ་ལཱལ་ བིསི་ཝ་གིས་ མགར་བའི་ལཱ་འབད་དེ་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་༡༥,༠༠༠ དེ་རེ་ བཟོ་དོ་ཡོདཔ་མ་ཚད་ མཁོ་འདོད་མངམ་བཀོད་མི་ཐོནམ་ད་ དངུལ་ཀྲམ་༣༠,༠༠༠ དེ་རེ་ བཟོ་ཚུགས་པས་ཟེར་ བཤདཔ་ཨིན་པས།
པ་དམ་ལཱལ་ བིསི་ཝ་ལུ་ ཨ་ལོ་༤ ཡོད་མིའི་གྲས་ལས་ ཨ་ལོ་༢ ཀྱིས་ མགར་ལཱ་འབད་ནི་ འགོ་བཙུགས་ཏེ་ཡོད་རུང་ ཁོ་མེདཔ་ད་ ལཱ་འབད་མི་བཏུབ་པའི་ཁར་ དུས་ཚོད་གཞན་ཚུ་ནང་ རང་སོའི་ལཱ་ནང་ འདུ་འཛི་སྦེ་ སྡོདཔ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *