རྩི་རང་རྫོང་ཁག་ནང་ གུང་སྟོང་གི་ དཀའ་ངལ་ཡོད་རུང་ མར་འབབ་འགྱོ་དོ་ཡོདཔ།

༉ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མར་ རྫོང་ཁག་མང་ཤོས་ཅིག་ནང་ གཞུང་ལམ་མ་གཏོགས་ ཟུར་ལམ་དང་ ཞིང་ལམ་ཚུ་མེད་པའི་ཁར་ གློག་མེའི་མཐུན་རྐྱེན་ཡང་མེདཔ་ལས་ སོ་ནམ་པ་ཚུ་གིས་ རང་སོའི་ས་ཞིང་དང་ ཁྱིམ་ཚུ་སྟོངམ་བཞག་སྟེ་ ས་གནས་གཞན་ཁ་ལས་ཕར་ གནས་སྤོ་སྟེ་ སོང་ཡོདཔ་ཨིན་པས།

རྫོང་ཁག་ལ་ལོ་ཅིག་གི་ མཐའ་ཟུར་གྲོང་གཡུས་ཚུ་ནང་ གུང་སྟོང་ཐོན་མི་དེ་ཡང་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ སོ་ནམ་པ་ཚུ་ སོ་ནམ་གྱི་ ལཱ་འབད་ནི་ལུ་ སེམས་ཤུགས་ཉམས་ནི་དེ་གིས་ཨིནམ་བཞིན་དུ་ ས་ཞིང་ཚུ་ ཚལ་མ་ལུ་ གྱུར་མི་དང་ གུང་སྟོང་བཞག་པའི་ གནད་དོན་དེ་ གདོང་ལེན་ཅན་ཅིག་སྦེ་ར་ གནས་ཏེ་ཡོདཔ་ཨིན་པས།

རྩི་རང་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྒེད་འོག་༡༢ ཡོད་མིའི་ནང་ གུང་སྟོང་༢༨༥ དེ་ཅིག་ ཐོན་ཡོད་མི་ལས་ བར་གཤོང་རྒེད་འོག་ནང་ གུང་སྟོང་༡༡༣ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་པས།

ཨིན་རུང་ ད་རེས་ནངས་པར་ གོང་འཕེལ་གྱི་ འགྱུར་བ་དང་ འཁོར་ལམ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལྷོད་ཡོདཔ་མ་ཚད་ གཞི་རྟེན་མཐུན་རྐྱེན་ གློག་མེ་དང་ འཐུང་ཆུ་བཀྲམ་སྤེལ་ལ་སོགས་པ་ ལྷོད་མི་ལུ་བརྟེན་ གུང་སྟོང་བཞག་མི་ཚུ་ གཡུས་ཁ་ལུ་ ལོག་འོང་དོ་ཡོདཔ་ཨིན་པས།

དཔེར་ན་ བར་གཤོང་ལས་ སྐྱེས་ལོ་༦༠ ལང་མི་ ཊི་ལོག་བྷ་དུར་ཏ་མང་གིས་ ཁོ་རའི་ཁྱིམ་ གུང་སྟོང་སྦེ་བཞག་སྟེ་ ལོ་༣༠ ལང་པའི་ཤུལ་ལས་ ལོག་གཡུས་ཁར་འོང་སྟེ་ ལོ་༣ ལང་ནུག།

ཊི་ལོག་བྷ་དུར་ཏ་མང་དེ་ སྐྱེས་ལོ་༢༥ ལས་ ལམ་སེལ་ལས་ཁུངས་ནང་ ལས་མི་སྦེ་ ཕྱག་ཞུ་བའི་སྐབས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ ལམ་བདའ་སྟེ་ སྡོད་པའི་ཤུལ་ལུ་ སྤྱི་ལོ་༢༠༡༨ ལུ་ སྐྱེས་ལོ་༥༦ ལངམ་ད་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ནུག།

ཁོ་ར་ བར་གཤོང་སྒང་ཏོག་ཁ་གཡུས་ཚན་ནང་ ལོག་ལྷོད་པའི་སྐབས་ ཁོ་གི་ཁྱིམ་དེ་ རམ་སོང་སྟེ་ ཡོད་པའི་ཁར་ ས་ཞིང་ཚུ་ཡང་ ཚལ་མ་ལུ་གྱུར་ཏེ་མཐོངམ་ད་ སེམས་འཁྲུལ་སྣང་ལང་དགོཔ་ བྱུང་ཡོད་རུང་ ཁོ་རའི་ དགོངས་ཞུའི་གསོལ་རས་ཀྱིས་ ཁྱིམ་ཆུང་ཀུ་ཅིག་ རྐྱབ་ཚུགས་ནུག།

ཁོ་གིས་འབད་བ་ཅིན་ ཁོ་རའི་ ས་ཞིང་དང་ ཁྱིམ་སྟོངམ་བཞག་སྟེ་ ཁས་བླངས་ཐོག་ལས་ ལམ་སེལ་ལས་ཁུངས་ནང་ ལཱ་འབད་བར་ སོང་སོཔ་མེན་པར་ གཞུང་གི་བཀའ་རྒྱ་དང་འཁྲིལ་ ཐབས་ར་མེད་པར་འགྱོ་དགོཔ་ ཐོན་ཡི་ཟེར་ཨིན་པས།

ཁོ་རའི་ཁྱིམ་དེ་ གུང་སྟོང་སྦེ་ ལུས་ཡོད་རུང་ ས་ཞིང་ཚུ་ ཁོ་རའི་སྤུན་ཆ་ཚུ་གིས་ བཟའ་སྤྱོད་འབད་བཅུག་ཡོད་རུང་ ཁོ་གི་མིང་ཐོ་ཁར་ ས་ཆ་ཨེ་ཀར་༣ ཡོད་མི་ལས་ ད་ལྟོ་ ཌིསི་༦༠ བཟའ་སྤྱོད་འབད་མ་ཚུགས་པར་ ཚལ་མ་ལུ་ གྱུར་ཏེ་ཡོདཔ་ཨིན་པས།

ཊི་ལོག་བྷ་དུར་ཏ་མང་གིས་ གཡུས་ཁ་ལུ་ ལོག་ལྷོད་དེ་ ས་ཞིང་ཚུ་ནང་ ཤིང་ཐོག་ཚལ་ལུ་དང་ ཚོད་བསྲེ་ དེ་ལས་ ལོ་ཐོག་གེ་ཟ་ཚུ་ འཛུགས་སྐྱོང་འབད་ཐོག་ལས་ གཡུས་ཁའི་མི་ཚེ་ ལོག་སྐྱོང་ནི་གི་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

གུང་སྟོང་མར་བབས།

ད་རེས་ནངས་པར་ ཊི་ལོག་བྷ་དུར་ཏ་མང་བཟུམ་སྦེ་ གུང་སྟོང་བཞག་མི་ ལ་ལོ་ཅིག་ ལོག་འོང་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ལས་ གུང་སྟོང་གི་ གྱངས་ཁ་མར་འབབ་ འགྱོ་དོ་ཡོདཔ་ཨིན་པས། 

བར་གཤོང་གི་རྒཔོ་ སཱན་ཏ་ལཱལ་པའུ་ཌེལ་གྱིས་ སླབ་མིའི་ནང་ གུང་སྟོང་ལུ་ དབྱེ་ཁག་༣ སྦེ་ཡོད་མི་དེ་ཡང་ གུང་སྟོང་ཟེརཝ་ད་ ཁྱིམ་ནང་སྡོད་མི་ མེད་པའི་ཁར་ ས་ཞིང་ཚུ་ བཟའ་སྤྱོད་མ་འབད་བར་ ཞིང་སྟོང་བཞག་མི་ཚུ་ལུ་ སླབ་དོ་ཡོདཔ་ད་ གུང་སྟོང་གཞན་དེ་ ཁྱིམ་མེད་པའི་གུ་ ས་ཞིང་བཟའ་སྤྱོད་མ་འབད་མི་ དེ་ལས་ དབྱེ་ཁག་༣ པའི་ཐད་ལུ་ མི་རྩིས་དང་ གུང་ཨང་དེ་ རྒེད་འོང་ནང་ཡོད་རུང་ རྒྱུ་དངོས་མེད་མི་ལུ་ཡང་ གུང་སྟོང་གི་གྲངས་སུ་ ཚུདཔ་ཨིན་ཟེར་ བཤདཔ་ཨིན་པས།

རྒཔོ་གིས་འབད་བ་ཅིན་ རྒེད་འོག་གི་ གཞིས་གསར་ནང་འོང་མི་ ཁྱིམ་གུང་༡༢ དེ་ཅིག་ སྟོངམ་སྦེ་ཡོད་ཟེར་ཨིནམ་ད་ ད་ཚུན་ ནད་ཡམས་ཀོ་བིཌ་-༡༩ འི་ གནད་དོན་ལུ་བརྟེན་ མི་ཕུད་རྡོག་གཅིག་ཡང་ གཡུས་ཁར་ལོག་མ་ལྷོད་ཟེར་ཨིན་པས།

དམངས་མི་ཅཱན་ད་ར་བྷ་དུར་མོང་གར་གྱིས་ རྒེད་འོག་ནང་ འཁོར་ལམ་དང་ གློག་མེ་ དེ་ལས་ མཐུན་རྐྱེན་གཞན་ཚུ་ ལྷོད་པའི་ཁར་ སོ་ནམ་པ་ཚུ་ལུ་ འོང་འབབ་བཟོ་ནིའི་ གོ་སྐབས་ཚུ་ བྱིན་ཡོདཔ་ལས་ ད་རེས་ གུང་སྟོང་སྦེ་ བཞག་མི་ཚུ་ཡང་ ལོག་འོང་ནི་ འགོ་བཙུགས་ཏེ་ཡོད་ཟེར་ སླབ་ཨིན་པས།

དམངས་མི་གིས་ ད་རེས་ནངས་པར་ རྒེད་འོག་ནང་ གུང་སྟོང་སྦེ་བཞག་སྟེ་ འགྱོ་མི་མེད་ཟེར་ བཤད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ རྩིས་ཐོ་ཅིག་ བཀོད་པའི་སྐབས་ འདས་པའི་ལོ་༤-༥ ནང་ གུང་སྟོང་༡༢༦ དེ་ཅིག་ཡོད་མི་ལས་ ད་རེས་༡༡༣ ལུ་ མར་བབས་སོང་ནུག་ཟེར་ཨིན་པས།

རྒཔོ་ཚུ་གིས་འབད་བ་ཅིན་ སྤྱིར་བཏང་ལུ་ རྒེད་འོག་ཚུ་ནང་ གུང་སྟོང་མར་བབས་སོང་སྟེ་ཡོད་ཟེར་ཨིནམ་ད་ སྒོ་གསར་གླིང་རྒེད་འོག་ནང་ གུང་སྟོང་༡༧ དེ་ཅིག་ཡོད་མི་ལས་ ད་རེས་༡༤ ལུ་དང་ རང་ཐང་གླིང་ལུ་ གུང་སྟོང་༦ ལས་༢ ལུ་ མར་བབས་སོང་སྟེ་ཡོདཔ་ཨིན་པས། 

ཕུན་བརྟན་ཆུ་རྒེད་འོག་ནང་ གུང་སྟོང་༢༤ དང་ དཀྱིལ་འཁོར་ཐང་རྒེད་འོག་ནང་གུང་སྟོང་༡༥ མཚོ་གླིང་མཁར་ལུ་༡༦ སྒོ་གསར་གླིང་ལུ་༡༤ དུང་ལ་སྒང་ལུ་༨ སེམས་ལྗོངས་ལུ་ གུང་སྟོང་༩ དེ་ལས་ གསེར་གྱི་ཐང་རྒེད་འོག་ནང་ གུང་སྟོང་༨ ཡོད་ཨིན་པས།

གུང་སྟོང་གི་རྒྱུ་རྐྱེན།

དམངས་མི་ཅཱན་ད་ར་བྷ་དུར་མོང་གར་གྱིས་འབད་བ་ཅིན་ རྒེད་འོག་ནང་ གུང་སྟོང་གི་ དཀའ་ངལ་གཙོ་བོ་ར་ སྤྱི་ལོ་༡༩༨༩ ལུ་ འཁོར་ལམ་བདའ་སྟེ་ ལཱ་འབད་མི་ རྒྱ་གར་གྱི་མི་ཚུ་ རང་སོའི་གཡུས་ཁར་ ལོག་བཏང་པའི་ཤུལ་ལས་ གཞུང་གི་བཀའ་རྒྱ་དང་འཁྲིལ་ ཁོང་གི་ཚབ་ལུ་ འབྲུག་མི་ཚུ་ རྒྱལ་ཡོངས་ལས་མི་སྦེ་ བཙུགས་མི་དང་ སྤྱི་ལོ་༡༩༩༠ ལས་ ཐོན་ནུག་ཟེར་ཨིན་པས།

རྒཔོ་སཱན་ཏ་ལཱལ་པའུ་ཌེལ་གྱིས་ སླབ་མིའི་ནང་ དེ་བསྒང་ གཡུས་སྒོ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་དང་ ཚོང་ལམ་ དེ་ལས་ ཨ་ལོ་ཚུ་ལུ་ ཤེས་ཡོན་བྱིན་ནིའི་དོན་ལུ་ མཐུན་རྐྱེན་མེད་ནི་དེ་གིས་ མི་ལ་ལོ་ཅིག་ ས་གནས་གཞན་ཁར་ གནས་སྤོ་སོང་ཡོད་པའི་ཁར་ ལ་ལོ་ཅིག་ ལམ་སེལ་ལས་ཁུངས་ནང་ ལཱ་འབད་བར་ སོང་ནུག་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ གུང་སྟོང་ལུ་བརྟེན་ རྒེད་འོག་ནང་ འཆར་དངུལ་བགོ་བཀྲམ་འབད་ནི་དང་ འུར་ལཱ་རྒྱུག་ནི་ དེ་ལས་ རྒེད་འོག་གོང་འཕེལ་གྱི་ ལས་སྣ་ཚུ་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ ས་ཆ་ཚུ་ ནགས་ཚལ་ལུ་གྱུར་ཏེ་ མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ བྲེལ་ཟིང་བྱུང་སྟེ་ཡོདཔ་བཞིན་དུ་ བར་གཤོང་རྒེད་འོག་ནང་ གུང་སྟོང་གི་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ལས་ མི་ཚུ་ རང་སོའི་གཡུས་ཁར་ ལོག་འོང་བཅུག་ནིའི་དོན་ལུ་ གོང་འཕེལ་གྱི་ ལཱ་ལེ་ཤ་འབད་དགོ་པའི་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ལེགས་ཤོམ་བཟོ་དགོཔ་མ་ཚད་ སྐྱེལ་འདྲེན་དང་ ཚོང་ལམ་གྱི་ ཞབས་ཏོག་ཚུ་ཡང་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིན་པས།

ཨིན་རུང་ ཧེ་མ་ཕྱདཔ་ད་ རྒེད་འོག་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ལྷོད་ཡོདཔ་ལས་ གུང་སྟོང་གི་ གནད་དོན་ཚུ་ཡང་ མར་འབབ་འགྱོ་དོ་བཟུམ་ མཐོངམ་མ་ཚད་ རྒེད་འོག་གི་ ཁ་ཐུག་ལས་འབད་རུང་ མི་ཚུ་ ལོག་འོང་བཅུག་ནིའི་དོན་ལུ་ ཐབས་ཤེས་སྣ་ཚོགས་བཏོན་དོ་ཟེར་ རྒཔོ་སཱན་ཏ་ལཱལ་ པའུ་ཌེལ་གྱིས་ བཤདཔ་ཨིན་པས།

བར་གཤོང་རྒེད་འོག་ནང་ སྤྱི་འོག་༥ ཡོད་ས་ལས་ གུང་སྟོང་མང་ཤོས་ར་ བར་གཤོང་སྨད་ཀྱི་ ས་གོ་ནང་ཡོདཔ་ད་ ཁྱིམ་ཚུ་ལྡེ་མིག་རྐྱབ་སྟེ་ བཞག་ཡོདཔ་མ་ཚད་ ཁྱིམ་ལ་ལོ་ཅིག་ རམ་སོ་ནུག།

བར་གཤོང་གི་འོག་ལས་ར་ སྤ་ཚར་གླིང་རྒེད་འོག་ནང་ གུང་སྟོང་༦༠ ཡོད་མི་དེ་ ཨང་༢ པ་ཨིནམ་ད་ རྒཔོ་ཆ་བི་ ཀུ་མར་རའེ་གིས་ ཁོ་གི་ རྒེད་འོག་ནང་ གུང་སྟོང་གི་གྱངས་ཁ་ དེ་སྦེ་ར་ཡོད་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གུང་སྟོང་ཡང་ མ་འདྲཝ་སྦེ་ཡོད་རུང་ ས་ཆ་ནང་ ལཱ་འབད་མི་མེད་པར་ ནགས་ཚལ་ལུ་ གྱུར་ཏེ་ཡོདཔ་ལས་ ད་ལྟོ་ གུང་སྟོང་གི་གྲངས་སུ་ ཐོ་བཀོད་འབད་དེ་ཡོད་ཟེར་ཨིན་པས།

རྒཔོ་ལ་ལོ་ཅིག་གིས་ སླབ་མིའི་ནང་ གུང་སྟོང་ལས་ལྷག་སྟེ་ བཟའ་སྤྱོད་འབད་མ་ཚུགས་པའི་ ས་ཆ་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུངམ་མས་ཟེར་ཨིན་རུང་ ས་ཞིང་ལ་ལོ་ཅིག་ ཚལ་མ་ལུ་ འགྱུར་མ་བཅུག་པར་ ལྷན་ཐབས་འབད་མི་ཡང་འདུག།

དེ་ཡང་ ཞིང་སྟོང་བཞག་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་གིས་ ཉེ་འདབས་ལུ་སྡོད་མི་ སོ་ནམ་པ་ཚུ་གི་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ ལ་ལོ་གིས་ གཞན་གྱི་ས་ཆ་ བཟའ་སྤྱོད་འབད་དགོཔ་བྱུང་སྟེ་ཡོདཔ་ཨིན་པས།

གཞན་གྱི་ས་ཆ་ནང་ ལཱ་འབད་མི་གཅིག་ སྐྱེས་ལོ་༥༤ ལང་མི་ ཨར་ཀེ་མོག་ཏཱན་ཨིནམ་ད་ ཁོ་གིས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ ཁྱིམ་གུང་༣ གྱི་ ས་ཞིང་ཚུ་ནང་ ལཱ་འབད་དེ་ དུས་ཅི་འབདཝ་ད་ ལོ་༨ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།

ཨར་ཀེ་མོག་ཏཱན་གྱིས་ ཁྱིམ་ཚང་ཚུ་ ས་ཆ་སྟོངམ་སྦེ་བཞག་སྟེ་ གཞན་ཁར་སོང་ཡོདཔ་ལས་ ས་ཆ་ཚུ་ ནགས་ཚལ་ལུ་ གྱུར་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་གིས་ འབད་ར་མ་ཚུགས་པར་ སའི་ཇོ་བདག་ཚུ་ལས་ གནང་བ་ལེན་ཐོག་ལས་ གེ་ཟ་དང་ རྩྭ་ཆག་འཛུགས་སྐྱོང་འབད་དེ་ ལོ་༨ དེ་ཅིག་ ལང་དོ་ཟེར་ བཤདཔ་ཨིན་པས།

ཨིན་རུང་ གཞན་གྱི་ས་ཞིང་ནང་ ལཱ་འབད་མི་ལུ་བརྟེན་ འུར་ལཱ་ཚུ་ཡང་ ཚར་གཉིས་ཕོག་པའི་ དཀའ་ངལ་བྱུང་རུང་ ཐབས་ར་མིན་འདུག་ཟེར་ ཨར་ཀེ་མོག་ཏཱན་གྱིས་ བཤདཔ་ཨིན་པས།

རྩི་རང་རྫོང་ཁག་ལས་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆགས་ཏེ་ཡོད་མི་ བར་གཤོང་རྒེད་འོག་ནང་ མི་རློབས་༢,༥༠༠ དེ་ཅིག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ། རྩི་རང་།


p.p1 {margin: 0.0px 0.0px 0.0px 0.0px; text-align: justify; line-height: 18.0px; font: 11.0px ‘DDC Uchen’}
བར་གཤོང་ལུ་ གུང་སྟོང་༡༡༣ ཡོད་མི་ལས་༡།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *