རྩི་རང་རྫོང་ཁག་གིས་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་ཡོདཔ།

༉ རྩི་རང་རྫོང་ཁག་ནང་ མི་ཚུ་གིས་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་ནི་དེ་ ཁ་ཙ་ལས་ འགོ་བཙུགས་ནུག།
ཁ་ཙ་ རེས་གཟའ་ཟླ་བ་ལུ་ འགྲམ་ཕུག་ཚོད་བསྲེ་ཁྲོམ་ཁར་ རྫོང་ཁག་གི་ ལས་སྡེ་ཁག་གི་འགོ་དཔོན་དང་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ ཀི་ལིན་བུ་ཊཱན་གྱིས་ རྩྭ་གིས་བཟོ་མི་ ཕད་ཅུང་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ ཚོད་བསྲེ་ཁྲོམ་ཁར་ འགོ་འདྲེན་འཐབ་ཡོདཔ་ཨིན།
ལས་སྡེ་ཁག་གི་འགོ་དཔོན་དང་ སློབ་ཕྲུག་རེ་རེ་བཞིན་དུ་གིས་ ཕད་ཅུང་འབག་ཞིནམ་ལས་ རྩྭ་གིས་བཟོ་མི་ ཕད་ཅུང་ལག་ལེན་འཐབ་པ་ཅིན་ ཁེ་ཕན་ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་དང་ ཆུ་ཤོག་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་ག་དེ་སྦེ་ཡོདཔ་ཨིན་ན་ མི་སེར་རེ་རེ་བཞིན་དུ་ལུ་ བཤད་པ་རྐྱབ་ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་ལུ་ ད་ལས་ཕར་ ཆུ་ཤོག་ལག་ལེན་འཐབ་མ་གནང་ཟེར་ སླབ་ཡོདཔ་མ་ཚད་ ག་དེམ་ཅིག་སྦེ་ ལག་ལེན་འཐབ་དགོཔ་འཐོན་པ་ཅིན་ ཧེ་མ་ ལག་ལེན་འཐབ་མི་དེ་ར་ ལོག་སྟེ་འཐབ་གནང་ཟེར་ སླབ་ཡོདཔ་ཨིན།
ཚོད་བསྲོ་བཙོང་མི་ཚུ་གིས་འབད་བ་ཅིན་ ཁོང་གི་དོན་ལུ་ཡང་ ཆུ་ཤོག་ལག་ལེན་འཐབ་ནི་དེ་ དཀའ་ངལ་ཅན་ཅིག་ཨིན་ཟེར་ སླབ་ཡོད་རུང་ ཚོད་བསྲེ་ཉོ་མི་ ཚོང་མགྲོན་པ་ཚུ་ལུ་དགོཔ་སྦེ་ མཁོ་འདོད་བཀོདཔ་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོང་གིས་ ཆུ་ཤོག་མ་བྱིན་པ་ཅིན་ ཚོད་བསྲེ་ཉོ་མི་ ལ་ལོ་ཅིག་གིས་ ཚོང་ཉོ་མ་བཏུབ་པར་ འགྱོ་བའི་དཀའ་ངལ་ཚུ་ ཐོནམ་མས་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་ ཀུན་ཏི་མ་ཡ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་ མོ་རའི་སོ་ནམ་གྱི་ཐོན་སྐྱེད་ཚུ་ ཆུ་ཤོག་ནང་ བཙུགས་བྱིན་མ་དགོ་ནི་དེ་གིས་ སེམས་དགའ་བས་ཟེར་ཨིནམ་ད་ ཨིན་རུང་ མོ་གིས་ ཐོན་སྐྱེད་ཚུ་ བཙོང་སྟེ་ར་ སྡོད་དགོ་ནི་དེ་གིས་ ཆུ་ཤོག་གི་ཚབ་ལུ་ ཐོན་སྐྱེད་བཙུགས་བྱིན་ནིའི་ ཚབ་ཅིག་དགོ་པས་ཟེར་ཨིན་པས།
ད་ལས་ཕར་ ཕད་ཅུང་ཚབ་ ངོ་སྤྲོད་འབད་བའི་སྐབས་ ཆུ་ཤོག་ལས་ གོང་ཁེ་ཏོག་ཏོ་དང་ རང་བཞིན་གནས་སྟངས་ལུ་ ཕན་ཐོགས་ཡོདཔ་ཅིག་ དགོཔ་འདུག་ཟེར་ཨིན་པས།
ཚོང་པ་གཞན་མི་གཅིག་ཨིན་མི་ བཙན་སྐྱོགས་ཀྱིས་ ཟླ་རིམ་བཞིན་དུ་ མོ་རའི་ སོ་ནམ་གྱི་ཐོན་སྐྱེད་ཚུ་ བཙུགས་ནིའི་དོན་ལུ་ ཆུ་ཤོག་ཀེ་ཇི་རེ་ ཉུང་ཤོས་རྫོགསཔ་མས་ཟེར་ཨིནམ་ད་ ཆུ་ཤོག་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ སླབ་དོ་ཡོདཔ་ཨིན་པས།
ཆུ་ཤོག་ལག་ལེན་འཐབ་མ་ཆོགཔ་བཟོ་མི་དེ་གིས་ ཆུ་ཤོག་ཉོ་མ་དགོ་པའི་ ཁེ་ཕན་ཡོདཔ་ལས་ མོ་ར་ སེམས་དགའ་ཡི་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་དང་ ཚོང་མགྲོན་པ་ དེ་ལས་ རྫོང་ཁག་གི་འགོ་དཔོན་ཚུ་ གྲོས་བསྡུར་འབད་ཞིནམ་ལས་ ཆུ་ཤོག་ལག་ལེན་མི་འཐབ་ནི་སྦེ་ ཁ་འཆམ་ཡོད་རུང་ ཆུ་ཤོག་གི་ཚབ་ལུ་ ཐོན་སྐྱེད་ཚབ་གཞན་མི་ཅིག་ ངོ་སྤྲོད་འབད་དགོཔ་འདུག་ཟེར་ སླབ་ནུག།
དེ་འབདཝ་ལས་ རྫོང་ཁག་གིས་ འཕྲལ་མགྱོགས་ར་ རང་བཞིན་གནས་སྟངས་ལུ་ གནོད་པ་མེད་པའི་ རུལ་བཏུབ་མི་ ཕད་ཅུང་བཙོང་སའི་ ས་ཁོངས་ཅིག་ སྒོ་ཕྱེ་ནི་སྦེ་ ངོས་ལེན་འབད་ཡོདཔ་ཨིན།
རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ བཤད་མིའི་ནང་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་བཟུམ་ཅིག་སྦེ་ འགོ་དང་པ་ ཚོད་བསྲེ་ཁྲོམ་ཁ་ལས་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ད་ལས་ཕར་ མི་སེར་ཡོངས་ལུ་ གོ་བ་ཕྲོད་ནིའི་དོན་ལུ་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་ བརྡ་སྦྱང་ཚུ་ཡང་ སྦྱར་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་གིས་ འགོ་དང་པ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ལས་འགོ་བཙུགས་ཏེ་ཡོདཔ་ལས་ ད་ལྟོ་མི་མང་ཡོངས་ཀྱིས་ ཆུ་ཤོག་ལག་ལེན་འཐབ་ནི་ མར་ཕབ་དང་ ཡང་ཅིན་ ཆུ་ཤོག་ཧེ་མ་ལས་ལག་ལེན་འཐབ་མི་ཚུ་ ལོག་འཐབ་གནང་ཟེར་ སླབ་དོ་ཡོད་རུང་ ཤུལ་ལས་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ དམ་དམ་བཟོ་ནི་དང་ ག་དེམ་ཅིག་སྦེ་ མི་ཚུ་གིས་ མ་གནས་པ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་བཅའ་ཁྲིམས་དང་འཁྲིལ་ཏེ་ འབད་ནི་ཟེར་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ ཆུ་ཤོག་ལག་ལེན་མི་འཐབ་ནི་དེ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ ད་ལྟོ་ཅིག་གིས་ ཡུན་བརྟན་ག་དེ་སྦེ་ གནས་དོ་འོང་ག་ཟེར་བའི་ དྲི་བ་བཀོད་མི་ཡང་ ཐོན་དོ་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཆུ་ཤོག་ལག་ལེན་འཐབ་མ་ཆོགཔ་བཟོ་ནི་དེ་ རྒྱལ་ཁབ་ནང་དང་ རྩི་རང་རྫོང་ཁག་ནང་ འགོ་དང་པ་མེན་ཟེར་ཨིན་པས།
འགྲམ་ཕུག་ཁྲོམ་གྱི་ ཚོང་པ་ཅིག་ཨིན་མི་ ཉི་མ་རྒྱལ་མཚན་གྱིས་འབད་བ་ཅིན་ ཆུ་ཤོག་ལག་ལེན་འཐབ་མ་ཆོགཔ་ མ་བཟོ་བའི་ཧེ་མ་ ཁོ་གིས་ ཁོ་གི་ཚོང་ཁང་ནང་འོང་མི་ ཚོང་མགྲོན་པ་ཚུ་ལུ་ ཆུ་ཤོག་མི་བྱིན་ནིའི་ དཔའ་བཅམ་པའི་སྐབས་་ ཚོང་མགྲོན་པ་ཚུ་གིས་ ཚོང་མ་འབག་པར་འགྱོ་དོ་ཡོདཔ་ལས་ དེ་གིས་ ཁོང་གི་ཚོང་ལུ་ རྒུད་མ་གཏོགས་ ཁེ་ཕན་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལག་ལེན་མཐར་འཁྱོལ་ཅན་ཅིག་འགྱོ་དགོ་པ་ཅིན་ ཆུ་ཤོག་བྱིན་མི་དང་ ཆུ་ཤོག་འབག་མི་ གཉིས་ཆ་ར་ལུ་ ཉེས་བྱ་བཀལ་དགོཔ་འདུག་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ཧེ་མ་ག་ཨིནམ་སྦེ་ར་ ལོག་སྟེ་ལག་ལེན་འཐབ་སྟེ་ འགྱོ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *