རྩི་རང་གི་ ས་གནས་གཞུང་གི་འགོ་དཔོན་ཚུ་ རྒྱུན་སྐྱོང་ཟད་འགྲོའི་ ཚ་གྱང་ལང་དོ་ཡོདཔ།

༉ ནད་ཡམས་ལུ་བརྟེན་ རྩིས་ལོ་༢༠༢༠ དང་༢༠༢༡ གི་ ནང་འཁོད་འོང་འབབ་བརྒྱ་ཆ་༡༤ དེ་ཅིག་ མར་བབས་སོང་མི་ལུ་བརྟེན་ ག་དེ་སྦེ་ རྒྱུན་སྐྱོང་ཟད་འགྲོ་ལང་ཚུགས་ག་ཟེར་ རྩི་རང་རྫོང་ཁག་གི་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

སེམས་ལྗོངས་རྒཔོ་ ཊོབ་ན་ཨ་ཅཱར་ཡ་གིས་ སླབ་མིའི་ནང་ ག་དེ་སྦེ་ འགྲུལ་འཐུས་ལང་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིནམ་ད་ རྒྱུན་སྐྱོང་ཟད་འགྲོ་མེད་མི་ལུ་བརྟེན་ རྩིས་ལོ་དེ་ནང་ འགྲུལ་འཐུས་བརྒྱ་ཆ་༥༠ སྤྲོད་མ་ཚུགས་པར་ཡོད་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་གིས་ ཧེ་མ་ ཟླ་རིམ་བཞིན་དུ་ འགྲུལ་འཐུས་དངུལ་ཀྲམ་༡༥༠༠༠ དེ་ཅིག་ གཏང་དོ་ཡོདཔ་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ཉིན་བསྟར་གྱི་འཐུས་ ཡར་སེང་འབད་ཡོད་རུང་ དངུལ་ལུ་ཡར་སེང་མ་འབད་བས་ཟེར་ཨིནམ་ད་ ད་རེས་ ཟླཝ་རེ་ནང་ ཉིན་བསྟར་གྱི་འཐུས་ཡར་སེང་འབད་མི་ལུ་བརྟེན་ དངུལ་ཀྲམ་༣༠,༠༠༠ ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཐུས་མེད་པའི་བསྒང་ལས་ ལས་བྱེདཔ་ཚུ་གིས་ ལཱ་འབད་ནིའི་སྤྲོ་བ་མིན་འདུག་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་གནས་སྟངས་ཡང་ བལྟ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

རྫོང་ཁག་གི་ དངུལ་རྩིས་སྙན་ཞུ་དང་འཁྲིལ་བ་ཅིན་ ད་ལྟོའི་རྩིས་ལོ་ནང་ སེམས་ལྗོངས་རྒེད་འོག་ལུ་ རྒྱུན་སྐྱོང་མ་དངུལ་ དངུལ་ཀྲམ་ས་ཡ་༦.༨༣༥ ཡོད་ས་ལས་ དངུལ་ཀྲམ་ས་ཡ་༢.༤ དེ་ཅིག་ ལག་ལེན་འཐབ་ནུག་ཟེར་ཨིན་པས།

སྐྱིད་འཁོར་ཐང་རྒཔོ་ བེ་ད་མོ་ནི་ལྕམ་ལ་གའི་གིས་ སླབ་མིའི་ནང་ འགོ་དཔོན་ལ་ལོ་ཅིག་ལུ་ ལཱ་འགོ་བཙུགས་ཀྱི་མ་དངུལ་ལས་ འགྲུལ་འཐུས་སྤྲོད་དེ་ཡོད་ཟེར་ཨིནམ་ད་ རྒེད་འོག་དེ་ རྫོང་ཁག་ལས་ ཀི་ལོ་མི་ཊར་༡༠ གི་ས་ཁར་ཨིན་རུང་ དངུལ་ཀྲམ་༣༠,༠༠༠ སྤྲོད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ འོང་འབབ་མར་བབས་སོང་རུང་ འགྲུལ་འཐུས་མ་གཏོགས་ གཞན་མི་ཟད་འགྲོ་གཏང་དགོ་ས་ དེ་ཅིག་ར་གནོད་པ་བྱུང་སྟེ་མེད་ཟེར་ཨིནམ་ད་ ད་ལྟོ་ཡོད་པའི་མ་དངུལ་དེ་ འཛིན་སྐྱོང་འཐབ་དགོཔ་ཁག་ཆེ་ཟེར་ཨིན་པས།

རྩི་རང་རྫོང་ཁག་ཚོགས་འདུ་གིས་ རྩིས་ལོ་༢༠༢༡ དང་༢༠༢༢ ལུ་ གསར་སྒྲུབ་མ་དངུལ་ དངུལ་ཀྲམ་ས་ཡ་༥༦༦.༣༢༦ དེ་ཅིག་ ཆ་འཇོག་འབད་ཡོདཔ་ཨིན་པས།

རྫོང་ཁག་བདག་སྐྱོང་ནང་ གསར་སྒྲུབ་མ་དངུལ་ དངུལ་ཀྲམ་ས་ཡ་༢༤༦.༤༨༣ དང་ ཤེས་རིག་སྡེ་ཚན་ནང་ དངུལ་ཀྲམས་ས་ཡ་༥༦ བགོ་བཀྲམ་འབད་ཡོདཔ་ད་ ཁྲོམ་སྡེ་གོང་འཕེལ་སྡེ་ཚན་ནང་ དངུལ་ཀྲམ་ས་ཡ་༥༠.༤ བགོ་བཀྲམ་འབད་མི་དེ་ མཐོ་ཤོས་གཉིས་པ་ཨིན་པས།

རྒེད་འོག་ཚུ་གི་གྲས་ལས་ མཐོ་ཤོས་ར་ བར་གཤོང་རྒེད་འོག་ནང་ དངུལ་ཀྲམ་ས་ཡ་༦༧.༥ ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ གསོ་བའི་སྡེ་ཚན་ནང་ དངུལ་ཀྲམ་ས་ཡ་༣༡.༦ བགོ་བཀྲམ་འབད་ཡོདཔ་ཨིན་པས།

རྫོང་ཁག་དངུལ་རྩིས་འགོ་དཔོན་ ཟླ་བ་སྒྲོལ་མ་གིས་ རྫོང་ཁག་ཚོགས་འདུ་ནང་ གསལ་ཞུ་འབད་བའི་སྐབས་ མོ་གིས་ སླབ་མིའི་ནང་ གསར་སྒྲུབ་མ་དངུལ་དེ་ ལངམ་སྦེ་ཡོད་རུང་ རྒྱུན་སྐྱོང་གི་མ་དངུལ་དེ་ ག་དེ་སྦེ་ལང་ཚུགས་གའི་ ཚ་གྱང་ཡོད་ཟེར་ཨིན་པས།

ནང་འཁོད་འོང་འབབ་ མར་བབས་སོང་རུང་ རྫོང་ཁག་གི་གོང་འཕེལ་གྱི་ལས་སྣ་ཚུ་ལུ་ ཐོ་མི་ཕོག་ཟེར་ མོ་གིས་བཤད་པའི་ཁར་ རྩིས་ལོ་༢༠༢༠ ལས་༢༠༢༡ གི་ ནད་འཁོད་འོང་འབབ་ དངུལ་ཀྲམ་ས་ཡ་༣༣༡༨༦ ཧེ་མའི་ལོ་དང་ཕྱདཔ་ད་ ཉུང་ཤོས་ཅིག་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *