རྩི་རང་གི་ མི་སེར་བརྒྱ་ཆ་༥༣ དེ་ཅིག་གིས་ འབབ་ཆུ་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ།

༉ བརྟག་ཞིབ་དང་འཁྲིལཝ་ད་ གནམ་བྱཱར་གྱི་དུས་ཚོད་ལུ་ རྩི་རང་གི་ མི་སེར་བརྒྱ་ཆ་༢༥ དེ་ཅིག་གིས་ འཐུང་ཆུ་ཐོབ་ཚུགས་དོ་ཡོད་རུང་ བརྒྱ་ཆ་༤ དེ་ཅིག་གིས་ འཐུང་ཆུའི་མཐུན་རྐྱེན་ མ་འཐོབ་པར་ཡོདཔ་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ མཐའ་འཁོར་གནས་སྟངས་འགོ་དཔོན་ ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ རྩི་རང་རྫོང་ཁག་གི་མི་བརྒྱ་ཆ་༥༣ དེ་ཅིག་འབབ་ཆུ་དང་ བརྒྱ་ཆ་༣༩ དེ་ཅིག་གིས་ རོང་ཆུ་ལུ་བརྟེན་ སྡོདཔ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བརྒྱ་ཆ་༨ དེ་ཅིག་ ཆུ་རྫིང་དང་ གཙང་ཆུ་ཚུ་ལུ་ བརྟེན་སྡོད་དོ་ཡོདཔ་ད་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ད་ལྟོ་དང་ མ་འོངས་པའི་ ཆུ་རྐའི་ཕན་གནོད་ཀྱི་ བརྟག་ཞིབ་འབད་ཡི་ཟེར་ ཚེ་དབང་ལྷ་མོ་གིས་ བཤདཔ་ཨིན་པས།
རྩི་རང་རྫོང་ཁག་ནང་ རྒེད་འོག་༡༢ ཡོད་མིའི་ནང་ མི་རློབས་༢༡,༨༡༦ དེ་ཅིག་ ཡོདཔ་ཨིན་པས།
བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ མི་བརྒྱ་ཆ་༥༦ དེ་ཅིག་གིས་ འཐུང་ཆུའི་སྤུས་ཚད་ལུ་ ངལ་རངས་བྱུང་སྟེ་ཡོད་པའི་ཁར་ བརྒྱ་ཆ་༣༣ གིས་ ཆུའི་སྤུས་ཚད་ལུ་ ཡིད་ཆེས་ཧྲིལ་བུམ་བསྐྱེད་མ་ཚུགས་པར་ཡོདཔ་ད་ བརྒྱ་ཆ་༦ གིས་ ཆུའི་སྤུས་ཚད་ལུ་ བསམ་པ་མ་རྫོགས་པར་ ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་ནང་ མ་འོངས་པ་ལུ་ མི་རློབས་ཡར་སེང་འགྱོ་མི་ལུ་བརྟེན་ འཐུང་ཆུའི་མཁོ་འདོད་བཀོད་མི་ཡང་ ཡར་སེང་འགྱོ་ནི་བཟུམ་ཡོདཔ་ད་ རྒེད་འོག་ནང་ འཐུང་ཆུའི་མཁོ་འདོད་བཀོད་མི་ ཡར་སེང་སོང་མིའི་གྲས་ལས་ མཐོ་ཤོས་ར་ དཀྱིལ་འཁོར་ཐང་རྒེད་འོག་ནང་ཨིན་པས།
རྩི་རང་རྫོང་ཁག་ནང་ འཐུང་ཆུ་གི་ བརྟག་ཞིབ་ཀྱིས་མ་དོ་བར་ ཞིང་ཆུ་ཚད་ལྡང་གི་སྐོར་ལས་ཡང་ བརྟག་ཞིབ་འབད་བའི་སྐབས་ མི་བརྒྱ་ཆ་༤༧ ཞིང་ཆུ་མ་ལང་པར་ཡོད་མི་ལས་ བརྒྱ་ཆ་༡༩ གིས་ ལྕང་ལཱ་རྐྱབ་པའི་སྐབས་ ཞིང་ཆུ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་འབདཝ་ལས་ བརྒྱ་ཆ་༣༣ རྐྱངམ་གཅིག་གིས་ ཞིང་ཆུ་ཚད་ལྡང་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་བཞིན་དུ་ བརྒྱ་ཆ་༡ གིས་ ཞིང་ཆུ་འབོལ་དྲགས་སྦེ་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *