རྩི་རང་གི་ ཉོགས་བཤད་ལུ་ ཞིབ་དཔྱད་སྙན་ཞུ་ བསྡུ་སྒྲིག་འབད་བའི་བསྒང་ཡོདཔ།

༉ རྩི་རང་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ཨིནམ་བཟོ་སྟེ་ མི་སེར་དམངས་གཙོ་ཚོགས་པའི་ ལས་བྱེདཔ་ཚུ་གིས་ མི་སེར་ཚུ་ལུ་ གཡོ་སྒྱུའི་ཐོག་ལས་ སྐྱིན་འགྲུལ་གྱི་ འབྲི་ཤོག་བགོ་བཀྲམ་འབད་བའི་ ཁ་ཉེས་ཡོད་མིའི་ཐད་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་རྐྱབ་སྟེ་ སྙན་ཞུ་བསྡུ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་དེ་ཡང་ འདས་པའི་ཟླཝ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདི་བཟུམ་མའི་ ཉོགས་བཤད་བཀོད་མི་དེ་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ བཀའ་རྒྱ་གནང་མི་དང་བསྟུན་ འབད་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ བརྡ་བརྒྱུད་ཀྱིས་ རྗེས་དཔྱད་འབད་བའི་སྐབས་ བློན་ཆེན་གྱིས་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ བཤད་མིའི་ནང་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་རྐྱབ་དོ་ཡོདཔ་ འོང་ནི་ཨིན་རུང་ ཞིབ་དཔྱད་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་དང་ ནམ་མཇུག་བསྡུ་འོང་ག་ མི་ཤེས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་རྐྱབ་ནི་མ་གཏོགས་ དེ་གི་གྲུབ་འབྲས་སྐོར་ལས་ གཞུང་ལུ་ སྙན་ཞུ་ཕུལ་དགོཔ་མེད་ཟེར་ཨིན་པས།
གལ་སྲིད་ ཞིབ་དཔྱད་སྙན་ཞུ་དེ་ ཁྲིམས་འགལ་ཨིན་པ་ཅིན་ ཁྲིམས་དང་འཁྲིལ་ཏེ་ར་ ངོས་ལེན་འབད་ནི་དང་ ཁྲིམས་ཀྱི་འདུན་སར་ གཏང་དགོཔ་འཐོན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་དང་འཁྲིལ་ཏེ་ འབད་ནི་མ་གཏོགས་ བློན་ཆེན་ལས་ གནང་བ་ག་ཅི་ཡང་ ལེན་དགོཔ་མེདཔ་སྦེ་ སླབ་ཅི་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ སྤྱི་ཟླ་༡ པའི་ཚེས་༤ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྐྱིན་འགྲུལ་གཡོ་འཕྲུལ་གྱི་ ཉོགས་བཤད་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ཞུ་ཡིག་བཙུགས་པའི་ ནམ་དུས་ལུ་ གཞུང་གི་ཧོངས་ལས་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་པས།
ཉོགས་བཤད་བཀོད་མི་དང་འཁྲིལཝ་ད་ རྩི་རང་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ལས་བྱེདཔ་ཚུ་གིས་ རྩི་རང་དང་ དར་དཀར་ནང་རྫོང་ཁག་༢ ཀྱི་ མི་སེར་༤༠༠ ལྷགཔ་ཅིག་ལུ་ སྐྱིན་འགྲུལ་གྱི་ འབྲི་ཤོག་བཀྲམ་ཡོདཔ་མ་ཚད་ ཐོ་བཀོད་ཀྱི་འཐུས་ མི་རེ་ལས་ དངུལ་ཀྲམ་༣༠༠ རེ་དང་ སྐྱིན་འགྲུལ་མང་ཉུང་དང་འཁྲིལ་ ལ་ལོ་ཅིག་ལས་ དངུལ་ཀྲམ་༣,༠༠༠ ལེན་ནུག་ཟེར་ཨིན་པས།
ཉོགས་བཤད་བཀོད་མི་ཅིག་ཨིན་མི་ སེམས་ལྗོངས་ལས་ ཀར་ན་བྷ་དུར་སུ་བྷ་གིས་འབད་བ་ཅིན་ རྒེད་འོག་ནང་ ཉོགས་བཤད་བཀོད་མི་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ཚུ་དང་ ཕྱད་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ལུ་ དྲི་བ་བཀོད་མི་དང་འཁྲིལ་ ལན་སླབ་ཚུགསཔ་ལས་ སེམས་དགའ་མི་དེ་ཡང་ ཁོང་གིས་ ཉོགས་བཤད་བཀོད་མི་ལུ་ ངོས་ལེན་འབད་དེ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་མི་ལུ་བརྟེན་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཞིབ་དཔྱད་ཡང་ རྒེད་འོག་ལྟེ་བའི་ནང་སྦེ་ ཉོགས་བཤད་དང་འཁྲིལ་ཏེ་ འབད་ཡོདཔ་ད་ ཀར་ན་བྷ་དུར་གྱིས་འབད་བ་ཅིན་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ མི་སེར་ཚུ་གི་ ཏི་རུ་ལོག་ཐོབ་ཚུགས་པ་ཅིན་ དགའ་ནི་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ ཉེས་འཛུགས་བཀོད་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ལས་བྱེདཔ་ཨིན་མི་ རྩི་རང་གི་ མི་༤ གིས་ གཡུས་ཁ་ལས་ཕར་ འོང་ཞིནམ་ལས་ སྐྱིན་འགྲུལ་སྐྱེད་བརྒྱ་ཆ་༤ སྦེ་ བྱིན་ནི་ཟེར་ སླབ་མི་དང་འཁྲིལ་ སོ་ནམ་པ་༤༠༧ གྱིས་ སྡེ་ཚན་༧༣ བཟོ་ཞིནམ་ལས་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ཞུ་ཡིག་བཙུགས་མི་ཚུ་གིས་ སྐྱིན་འགྲུལ་ཐོབ་ནི་ཕར་བཞག་ ཁོང་གིས་སྤྲོད་མི་ འཐུས་ཚུ་ཡང་ ལོག་མ་ཐོབ་ཟེར་ ཉོགས་བཤད་བཀོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *