རྩི་རང་གི་སྨན་ཁང་ ཉལ་ཁྲི་༢༠ སྦེ་ བཟོ་སྐྲུན་འབད་དགོ་པའི་ ཁུངས་བསྐྱལ་དགོཔ།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གསོ་བའི་ལྷན་ཁག་ལུ་ ཉལ་ཁྲི་༤༠ འབད་མི་ རྩི་རང་གི་སྨན་ཁང་དེ་ གནད་དོན་ག་ཅི་ལུ་བརྟེན་ ཉལ་ཁྲི་༢༠ སྦེ་ བཟོ་སྐྲུན་འབད་དགོཔ་ཨིན་ནའི་ ཁུངས་བསྐྱལ་དགོཔ་སྦེ་སླབ་ནུག།

མ་གཞི་ འགོ་དང་པ་ ལས་འགུལ་རྩམ་པའི་སྐབས་ རྩི་རང་གི་སྨན་ཁང་དེ་ ཉལ་ཁྲི་༤༠ སྦེ་ བཟོ་སྐྲུན་འབད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉལ་ཁྲི་༢༠ རྐྱངམ་གཅིག་ བཟོ་སྐྲུན་འབད་ཡོདཔ་སྦེ་ བདའ་ཟུན་ནུག།

གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་གི་ འཆར་གཞི་དང་འཁྲིལཝ་ད་ ཉལ་ཁྲི་༢༠ བཟོ་སྐྲུན་འབད་ནི་སྦེ་ཡོདཔ་ད་ ཤུལ་ལས་ གྲོས་འདེབས་བཙུགསཔ་ད་ ཉལ་ཁྲི་༤༠ བཙུགས་ཡོད་རུང་ རིན་བསྡུར་འབད་བའི་སྐབས་ལུ་ ཉལ་ཁྲི་༢༠ སྦེ་ར་ འཁོད་དེ་འདུག་ཟེར་ཨིན་པས།

གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤད་མིའི་ནང་ གཞུང་འབྲེལ་ཐོག་ལས་ འབྲེལ་བ་འཐབ་པའི་སྐབས་ ཉལ་ཁྲི་༢༠ སྦེ་ར་ ཡོད་ཟེར་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉལ་ཁྲི་༤༠ འབད་མི་ བསམ་རྩེ་སྨན་ཁང་དང་ ཉལ་ཁྲི་༢༠ འབད་མི་ རྩི་རང་སྨན་ཁང་༢ ཀྱི་ རྩིས་ཞིབ་འབད་ནུག།

རྩིས་ཞིབ་འབད་བའི་སྐབས་ བསམ་རྩེ་སྨན་ཁང་གི་ ཚོད་དཔག་གོང་ཚད་དེ་ དངུལ་ཀྲམ་ས་ཡ་༡༩༩.༦༩ ཨིན་རུང་ རིན་བསྡུར་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༢༢༦.༤༤༦ འབད་ཡོདཔ་ད་ རྩི་རང་སྨན་ཁང་གི་ ཚོད་དཔག་གོང་ཚད་དེ་ དངུལ་ཀྲམ་༢༢༨.༧༦༨ ཨིན་རུང་ རིན་བསྡུར་གྱི་ གོང་ཚད་དངུལ་ཀྲམ་ས་ཡ་༢༢༥.༦༡༡ ཐོན་ནུག།

རྩིས་ཞིབ་དང་འཁྲིལཝ་ད་ ཉལ་ཁྲི་༢༠ འབད་མི་སྨན་ཁང་དང་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་གཉིས་ཀྱི་ སྦོམ་ཚད་ཁྱད་པར་ཡོད་དེ་འབད་རུང་ གོང་ཚད་ཀྱི་ཐད་ཁར་ ཧ་ལམ་ འདྲ་མཉམ་འདུག་ཟེར་ཨིན་པས།

ཌོག་ཊཪ་ཨྱོན་རྡོ་ཕུག་གིས་འབད་བ་ཅིན་ རྫོང་ཁག་གི་ སྨན་ཁང་མང་ཤོས་ཅིག་ ཉལ་ཁྲི་༢༠ དང་གཅིག་ཁར་ གློག་པར་གྱི་མཐུན་རྐྱེན་རྐྱངམ་གཅིག་ཡོད་ཟེར་ཨིན་པས།

ད་ལྟོ་འབད་བའི་བསྒང་ལས་ རྫོང་ཁག་སྨན་ཁང་ཚུ་ནང་ སོ་བརྟག་དཔྱད་ཁང་དང་ གཟུགས་ཀྱི་ནང་ཁོང་བརྟག་དཔྱད་ཁང་ ནང་པའི་སྨན་གྱི་སྡེ་ཕྲན་ཚུ་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ བཟོ་སྐྲུན་གྱི་ གོང་ཚད་ཚུ་ཡང་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།

ཧེ་མ་གི་ ཉལ་ཁྲི་༢༠ འབད་མི་སྨན་ཁང་དང་ ད་ལྟོ་གི་ཉལ་ཁྲི་༢༠ འབད་མི་ སྨན་ཁང་གཉིས་ཀྱི་བར་ན་ མཐུན་རྐྱེན་གསརཔ་གི་ ཁྱད་པར་ཡོད་ཟེར་ཨིན་པས།

སྨན་ཁང་གཉིས་ཀྱི་བར་ན་ གཞི་འགྱམ་ཕིཊ་གྲུ་བཞི་༣༩༦༥.༤༢ དང་ ཁང་མིག་ཕིཊ་གྲུ་བཞི་༥༤༧ གྱི་ཁྱད་པར་ཡོདཔ་སྦེ་ བདའ་ཟུན་ནུག།

ལྷན་ཁག་གིས་འབད་བ་ཅིན་ སྨན་ཁང་བཟོ་སྐྲུན་འབད་བའི་སྐབས་ རྩི་རང་འགྲམ་ཕུག་སྨན་ཁང་ད་ བསམ་རྩེ་དང་ཕྱདཔ་ད་ ཆུང་མི་དེ་ བཟོ་སྐྲུན་འབད་སའི་ས་ཁོངས་ ལངམ་སྦེ་མེད་ནི་དེ་གིས་ བཟོ་སྐྲུན་གྱི་ལམ་ལུགས་དང་འཁྲིལ་ཏེ་ ལྷན་ཁག་གིས་ ཆ་འཇོག་འབད་འབདཝ་ཨིན་ཟེར་ཨིན་པས།

མ་གཞི་ ས་ཁོངས་ཀྱི་ ཁྱད་པར་ཡོདཔ་མ་གཏོགས་ སྨན་ཁང་དེ་ནང་ ཉལ་ཁྲི་༤༠ ཤོང་ཟེར་ཨིན་པས།

མཐུན་རྐྱེན་ཟེརཝ་ད་ དཔེར་ན་ སྨན་གྱི་མཛོད་ཁང་ རོ་ཁང་དང་ ཆུ་ལེགས་བཅོས་ཁང་ ཕྱགས་སྙིགས་ཕྱི་སེལ་རྐྱབ་སའི་ས་ཁོངས་ ལ་སོགས་པ་ཚུ་ སྨན་ཁང་གི་སྒྲིང་ཁྱིམ་དང་གཅིག་ཁར་མེན་པར་ སོ་སོར་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ ལུ་ དྲི་དཔྱད་འབད་བའི་སྐབས་ གསོ་བའི་ལྷན་ཁག་གིས་ རྩི་རང་གི་སྨན་ཁང་དེ་ འཆར་གཞི་དང་འཁྲིལཝ་ད་ ཉལ་ཁྲི་༤༠ ཨིན་རུང་ རིན་བསྡུར་ནང་ ཉལ་ཁྲི་༢༠ སྦེ་འཁོད་མི་དེ་ མེན་ཟེར་ ཁུངས་བསྐྱལ་ནུག།

ལྷན་ཁག་གིས་འབད་བ་ཅིན་ ཁག་འབགཔ་དང་གཅིག་ཁར་ སྟབས་མ་བདེཝ་མི་འཐོན་ཟེར་ཨིནམ་ད་ དེ་ཡང་ ཁོང་གིས་ བཟོ་སྐྲུན་འབད་བའི་སྐབས་ བཟོ་བཀོད་ནང་འཁོད་མི་དང་འཁྲིལ་ཏེ་ འབད་དགོཔ་ཨིན་ཟེར་ སླབ་ནུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་འབད་བ་ཅིན་ རྩི་རང་གི་ ཉལ་ཁྲི་༢༠ འབད་མི་སྨན་ཁང་དེ་ ཧེ་མ་རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཉལ་ཁྲི་༤༠ བཟོ་སྐྲུན་འབད་ནིའི་ འཆར་གཞི་དང་མ་འཁྲིལ་བའི་ཁར་ ལྷན་ཁག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ ཁུངས་བསྐྱལ་མི་དང་ རྟགས་མི་མཐུན་མས་ཟེར་ཨིན་པས།

རྩི་རང་འགྲམ་ཕུག་སྨན་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥༤.༤༣༠ ཆ་འཇོག་འབད་མི་ལས་ ད་ལྟོ་ཚུན་ཚོད་ ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༡༩༤.༥༦༥ ཟད་འགྲོ་བཏང་ཚར་ནུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལྷན་ཁག་ལུ་ རྩི་རང་གི་ ཉལ་ཁྲི་༤༠ འབད་མི་སྨན་ཁང་གི་ བཟོ་བཀོད་བསྒྱུར་བཅོས་འབད་བའི་སྐབས་ དབང་འཛིན་ལས་ ཆ་འཇོག་ཡོད་པའི་ཡི་གུ་ཚུ་ བཙུགས་དགོཔ་སྦེ་སླབ་ནུག།

རྩི་རང་འགྲམ་ཕུག་གི་ སྨན་ཁང་དེ་ དུས་ཅི་སྤྱི་ཟླ་༥ པའི་ནང་ མཇུག་བསྡུ་ཞིནམ་ལས་ ལག་ལེན་འཐབ་ཚུགསཔ་ བཟོ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *