སྟེང་སྒོའི་ལམ་བདའ་སྟེ་ ཧ་ཀ་ཧོ་ཀ་ཐོན་ཡོད་མི་ ཉལ་ཁང་།

རྩ་མང་སློབ་གྲྭའི་སློབ་ཕྲུག་ཚུ་ གནས་སྟངས་སྐྱོ་དྲགས་ནང་ སྡོད་དོ་ཡོདཔ།

༉ མོང་སྒར་རྫོང་ཁག་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་ རྩ་མང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་༣༨ དེ་ ཅིག་ གནས་སྟངས་སྐྱོ་དྲགས་ནང་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།
དེ་ཡང་ སློབ་ཕྲུག་ཚུ་གི་ ཉལ་ཁྱིམ་དེ་ བཟོ་སྐྲུན་འབད་དེ་ ལོ་ངོ་༤ དེ་ཅིག་ལས་བརྒལ་ མ་ལང་རུང་ གནམ་པང་དང་ ཤིང་ཆས་ཚུ་ མེདཔ་ཐལ་ཡོདཔ་ལས་ ས་ཁར་བུད་འོང་པ་ཅིན་ ཨ་ལོ་ཚུ་ལུ་ ཕོག་ནི་གི་ ཉེན་ཁ་འདུག།
དེ་མ་ཚད་ ཉལ་ཁང་གི་ སྟེང་སྒོའི་ལམ་བདའ་སྟེ་ ཧ་ཀ་ཧོ་ཀ་ཐོན་ཡོདཔ་མ་ཚད་ ཤིང་གི་ལག་གདང་དང་ གློ་སྐྱོར་ཚུ་ཡང་ རམ་འགྱོ་སག་ས་སྦེ་ཡོདཔ་ལས་ སློབ་ཕྲུག་ཚུ་ ཉེན་ཁ་ཅན་གྱི་ གནས་སྟངས་ཐོག་ལུ་ སྡོདཔ་ཨིན་པས།
ད་རུང་ སློབ་ཕྲུག་༣༨ ཀྱིས་ མཉམ་རུབ་ཐོག་ལས་ ལག་ལེན་འཐབ་མི་ གསང་སྤྱོད་༢ ཡོད་མིའི་ བཙོག་དུང་ཚུ་ རྦད་ཡོདཔ་ལས་ ཆབ་གསང་ཚུ་ ཕྱི་ཁར་ཐོན་འགྱོ་མི་ལུ་བརྟེན་ ཨ་དྲི་ནང་སྡོད་དགོ་པའི་ གདོང་ལེན་བྱུང་ནུག།
སློབ་རིམ་༦ པའི་སློབ་ཕྲུག་ འཇིགས་མེད་རིག་འཛིན་གྱིས་ སླབ་མིའི་ནང་ བུཚ་གི་གསང་སྤྱོད་དེ་ ཉལ་ཁང་གི་ སྦོ་ལོགས་ཁར་ རྐྱབ་ཡོདཔ་ལས་ ཉིན་ནུབ་མེད་པར་ དྲི་ངན་དང་ བཙོག་གྲིབ་ནང་ སྡོད་དགོཔ་མ་ཚད་ དྲོ་པ་ དང་ ཕྱི་རུ་དཔེ་ཆ་ལྷབ་ནི་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ད་རུང་ ཆུ་གི་དཀའ་ངལ་ཡོདཔ་ལས་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་མ་ཚུགས་ནི་དེ་གིས་ འཕྲལ་འཕྲལ་ར་ སློབ་ཕྲུག་ཚུ་ ན་ནི་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སློབ་ཕྲུག་བདག་འཛིན་འཐབ་མི་ འགྱུར་མེད་ཆོས་གྲགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉལ་ཁང་ལེགས་ཤོམ་མེད་མི་ལུ་བརྟེན་ ཉམས་བཅོས་སྦོམ་ འབད་མ་ཚུགས་རུང་ སློབ་ཕྲུག་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་ཡོདཔ་ལས་ དུམ་གྲ་རེ་ བཅོ་ཁ་རྐྱབ་དོ་ཟེར་ཨིན་པས།
སློབ་ཕྲུག་བུམོ་ཚུ་ བདག་འཛིན་འཐབ་མི་ ཀརྨ་བཟང་མོ་གིས་ སླབ་མིའི་ནང་ ཉལ་ཁང་དེ་ གསརཔ་རྐྱབ་སྟེ་ ལོ་དག་པ་ཅིག་ལས་བརྒལ་ མ་འགྱོཝ་ལས་ར་ ཤིང་གི་ལག་གདང་དང་ བར་ན་དང་ ཟུར་ཁ་ལས་ལྷོང་མི་ ཤིང་ལྕམ་ཚུ་ འཐོན་འགྱོ་སག་ས་ཡོདཔ་ལས་ ས་ཡོམ་དང་ རླུང་འཚུབས་འཕུ་བའི་སྐབས་ ཨ་ལོ་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ཀུན་བཟང་དབང་འདུས་ཀྱིས་ བུཚ་དང་ བུམོ་ཚུ་གི་ ཉལ་ཁང་དང་ གསང་སྤྱོད་ཚུ་ སྤྱི་ལོ་༢༠༡༤ ལུ་ གསརཔ་བཟོ་སྐྲུན་འབད་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་སྦེ་ ཐལ་དགོཔ་མེད་རུང་ སློབ་ཕྲུག་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ལས་ ཉམས་བཅོས་འབད་ནིའི་དོན་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་ནང་ མ་ དངུལ་གྱི་ རྒྱབ་སྐྱོར་འཚོལ་དོ་ཟེར་ བཤདཔ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ སློབ་གྲྭའི་དོན་ལུ་ ཆུ་བཏོན་ཡོད་རུང་ འཕྲལ་འཕྲལ་ར་ ཆུའི་དཀའ་ངལ་ཐོནམ་ལས་ ཉིན་བསྟར་བཞིན་དུ་ ཆུ་བཟེད་བར་ སློབ་ཕྲུག་དང་ སློབ་དཔོན་ དེ་ལས་ ཐབ་ཚངཔ་ སློབ་གྲྭའི་ ལས་རོགསཔ་ཚུ་བཏང་དགོཔ་ ཐོནམ་མས་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ཨྱོན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ བུཚ་གི་ཉལ་ཁང་དང་ གསང་སྤྱོད་ཚུ་ མེདཔ་སྦོམ་སྦེ་ ཐལ་ཐལཝ་མེདཔ་མ་ཚད་ ཚེ་སྲོག་གི་ ཉེན་ཁ་ཡང་ སྦོམ་ཅིག་མི་མཐོངམ་མས་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༩ ལས་ འཆར་དངུལ་བཙུགས་ཏེ་ ཉམས་བཅོས་འབད་ནིའི་ འཆར་གཞི་ཡོད་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྤྱི་ལོ་༡༩༧༧ ལུ་ གཞི་བཙུགས་འབད་མི་ རྩ་མང་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༡༢༧ ཡོད་མི་ལས་ བུཚ་༦༦ དང་ བུམོ་༦༡ ཡོདཔ་བཞིན་དུ་ སློབ་དཔོན་༦ དང་ སློབ་གྲྭའི་ལས་བྱེདཔ་༥ ཡོདཔ་ཨིན་པའི་གནས་ཚུལ།

རྩ་མང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *