འཕྲལ་མགྱོགས་ར་ མཇུག་བསྡུ་ནི་ཨིན་མི་ རྩ་མང་སློབ་གྲྭ་ཆུང་བའི་ སྒྲིང་ཁྱིམ།

རྩ་མང་སློབ་གྲྭ་ཆུང་བའི་ སྒྲིང་ཁྱིམ་བཟོ་སྐྲུན་ འཕྲལ་མགྱོགས་ར་ མཇུག་བསྡུ་ནི།

༉ ད་རེས་ནངས་པར་ རྩ་མང་སློབ་གྲྭ་ཆུང་བའི་ནང་ འགྱོ་བལྟ་བ་ཅིན་ སློབ་ཕྲུག་བུཚ་དང་བུམོ་༡༢༧ དེ་ཅིག་ གནས་སྐབས་ཀྱི་དོན་ལུ་ བཟོ་སྐྲུན་འབད་མི་ སྦ་སྒོར་ནང་ དཔེ་ཆ་ལྷབ་སར་མཐོངམ་ཨིན་པས།
མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༧༠ དེ་ཅིག་ལུ་ཆགས་མི་ རྩ་མང་སློབ་གྲྭ་ཆུང་བའི་ སློབ་ཁང་ཚུ་ སྤྱི་ལོ་༢༠༠༩ ལུ་ ས་ཡོམ་རྐྱབ་མི་ལུ་བརྟེན་ གག་འགྲམ་དང་ ཉམས་སྐྱོན་སྦོམ་བྱུང་ཡོདཔ་ལས་ སློབ་གྲྭའི་བདག་སྐྱོང་གིས་ རྫོང་ཁག་ཤེས་རིག་སྡེ་ཚན་ལུ་ སྙན་ཞུ་འབད་དེ་ བརྡལ་བཏང་ཡོདཔ་ཨིན་པས།
སློབ་དཔོན་སངས་རྒྱས་རྒྱལ་མཚན་གྱིས་ སླབ་མིའི་ནང་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་བའི་སྐབས་ སློབ་ཁང་ཚུ་ ལྕགས་ཤོག་གིས་ བཅད་རྐྱབ་ཡོད་མི་ལུ་བརྟེན་ བར་ཆད་རྐྱབ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་སློབ་དཔོན་རིག་འཛིན་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་དེ་ སྤྱི་ལོ་༡༩༧༧ ལུ་ གཞི་བཙུགས་འབད་དེ་ དུས་ཅི་འབདཝ་ད་ ལོ་༤༠ ལྷགཔ་ཅིག་སོང་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་ཅན་ཅིག་ལུ་ གྱུར་ཏེ་འདུག་ཟེར་ཨིན་པས།
སློབ་ཕྲུག་ཀརྨ་ཕུན་ཚོགས་སྒྲོལ་མ་གིས་ སླབ་མིའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ གནས་སྟངས་སྐྱོ་དྲགས་ཅན་ནང་ དཔེ་ཆ་ལྷབ་ད་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
སློབ་རིམ་༥ པའི་སློབ་ཕྲུག་ པདྨ་གཡང་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིམ་གི་དྲོད་དང་ ཆརཔ་གི་སྐད་ དེ་ལས་ རླུང་མ་འཕུ་བའི་སྐབས་ དཔེ་ཆ་ལྷབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ས་ཡོམ་གྱིས་ རྩ་བ་ལས་ མེདཔ་བཏང་པའི་ཤུལ་ལུ་ སློབ་དཔོན་ཚུ་གི་ ཡིག་ཚང་དང་ དབུ་འཛིན་གྱི་ཡིག་ཚང་ དེ་ལས་ སྤྱི་དོན་ཁང་གི་ གཞི་རྟེན་མཐུན་རྐྱེན་ཚུ་ ག་ནི་ཡང་མེད་རུང་ སློབ་སྟོན་ཐད་ཁར་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ཡི་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ ཟླཝ་༦ པའི་ནང་ སྒྲིང་ཁྱིམ་ཐོག་༢ འབད་མི་དེ་ དུས་ཡུན་ཟླཝ་༡༥ འི་ནང་ ཁག་འབགཔ་གིས་ སྤྱི་ལོ་༢༠༡༧ ཟླཝ་༡༠ པའི་ནང་ བཟོ་སྐྲུན་འབད་ཚར་དགོཔ་ཨིན་ཟེར་ཨིན་པས།
ཨིན་རུང་ ཁག་འབགཔ་གིས་ དུས་ཚོད་ནང་ ལཱ་མཇུག་བསྡུཝ་མ་ཚུགསཔ་ལས་ རྫོང་ཁག་བདག་སྐྱོང་གིས་ དུས་ཐེབས་ཟླཝ་༣ བྱིན་མིའི་ནང་ཡང་ བཟོ་སྐྲུན་འབད་མ་ཚུགསཔ་ལས་ སློབ་གྲྭའི་གནས་སྟངས་ལུ་ བསྒྱུར་བཅོས་འབད་མ་ཚུགས་པར་ཡོད་ཟེར་ སླབ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ཨྱོན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁག་འབགཔ་གིས་ དུས་ཐེབས་བྱིན་མིའི་ནང་ཡང་ བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་མ་ཚུགསཔ་ལས་ ད་རེས་ནངས་པར་ ཉེས་བྱའི་ཐོག་ལུ་ ལཱ་འབད་དེ་ ཟླ་ངོ་༢ ལྷགཔ་ཅིག་ སོང་ཡི་ཟེར་ཨིན་པས།
སྒྲིང་ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ གཞུང་ལས་ མ་དངུལ་ས་ཡ་༡༠ གནང་སྟེ་ཡོད་ཟེར་ཨིནམ་ད་ སྤྱི་དོན་ཁང་དང་ ཐབ་ཚང་ དེ་ལས་ མཛོད་ཁང་བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་ས་ཡ་༤ ལྷགཔ་ཅིག་ གནང་སྟེ་ཡོད་ཟེར་ཨིན་པས།
སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་དེ་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༥ པ་ཚུན་ ཤོང་ཚུགས་ནི་ཨིན་པའི་གནས་ཚུལ།

རྩ་མང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *