རྩ་མང་རྒེད་འོག་ རྡོ་རྗེ་ལུང་གི་གཞུང་ལམ་དང་ མཐུད་སྦྲེལ་འབད་དགོ་པའི་ཞུ་བ།

༉ མོང་སྒར་ལས་ ཀི་ལོ་མི་ཊར་༧༥ ལྷགཔ་ཅིག་ནང་ཆགས་མི་ རྩ་མང་རྒེད་འོག་དེ་ ལྷུན་རྩེ་དང་ མོང་སྒར་རྫོང་ཁག་༢ ཀྱི་གཞུང་ལམ་ཁར་ཡོད་པའི་ རྡོ་རྗེ་ལུང་དང་ མཐུད་སྦྲེལ་འབད་བ་ཅིན་ ཁེ་ཕན་འབྱུང་ནི་ཨིནམ་ལས་ མི་སེར་ཚུ་གིས་ གྲོས་བསྟུན་ལེགས་ཤོམ་འབད་དགོཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མི་སེར་ཚུ་དང་གཅིག་ཁར་ གསུང་གྲོས་གནང་པའི་སྐབས་ སོ་ནམ་ཞིང་ལམ་དེ་ རྡོ་རྗེ་ལུང་དང་ མཐུད་སྦྲེལ་འབད་དགོ་པའི་ ཞུ་བ་ཕུལ་ཡི།
རྩ་མང་བཱན་ཇར་ལས་ རྡོ་རྗེ་ལ་གིས་ བློན་ཆེན་ལུ་ ཞུ་མིའི་ནང་ བཱན་ཇར་པཱམ་ལས་ འཁོར་ལམ་ཅིག་དང་ རྩ་མང་ཏོ་ཀ་རེ་ལས་ འཁོར་ལམ་ཁག་༢ རྡོ་རྗེ་ལུང་ལས་ སེལ་ནིའི་དོན་ལུ་ གཞུང་གིས་ རྒྱབ་སྐྱོར་གནང་དགོཔ་སྦེ་ཞུ་ཡི།
དེ་བཟུམ་སྦེ་ སྲིད་ཐར་རྡོ་རྗེ་གིས་ ཞུ་མི་དང་འཁྲིལཝ་ད་ འཁོར་ལམ་༢ བཏོན་ནིའི་དོན་ལུ་ མ་དངུལ་གནང་པ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ལཱ་ག་ཅི་ར་འབད་རུང་ བྱ་སྟབས་བདེ་ནི་མས་ཟེར་ཞུ་ཡི།
རྒེད་འོག་གི་ རྒཔོ་དང་ དམངས་མི་༢ ཀྱིས་འབད་རུང་ མི་སེར་གྱི་རྒྱབ་སྐྱོར་སྦེ་ ཞུ་བའི་ལན་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྣུམ་འཁོར་ལམ་བཏོན་པའི་སྐབས་ བཟའ་སྤྱོད་འབད་དོ་ཡོད་མི་ ས་ཞིང་ཚུད་མི་ཚུ་གི་དོན་ལུ་ གསུང་གྲོས་ལེགས་ཤོམ་སྦེ་ གནང་དགོཔ་འདུག་ཟེར་གསུངས་ཡི།
དེ་བཟུམ་སྦེ་ སྲིད་ཐར་རྡོ་རྗེ་གིས་ ཞུ་མིའི་ནང་ རྒེད་འོག་ནང་ དཀའ་ངལ་སྦོམ་ཤོས་ར་ རྒེད་འོག་བདག་སྐྱོང་དེ་ བཱན་ཇར་ས་ཁོངས་ནང་ཆགས་ཡོད་རུང་ སོ་ནམ་རྒྱ་བསྐྱེད་ཡིག་ཚང་དང་ སྒོ་ནོར་རྒྱ་བསྐྱེད་ཡིག་ཚང་ཚུ་ རྩ་མང་གཡུས་ཚན་ནང་ སོ་སོར་སྦེ་ཆགས་ཡོདཔ་ལས་ ལཱ་འབདཝ་ད་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ ཐོན་བཞིན་དུ་ཡོད་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་གྱིས་ གསུངས་མིའི་ནང་ མ་གཞི་ རྒེད་འོག་ལྟེ་བའི་ཡིག་ཚང་དང་ སོ་ནམ་རྒྱ་བསྐྱེད་ཡིག་ཚང་༢ ཀྱི་བར་ན་ ལམ་ཐག་རིང་མི་ལུ་བརྟེན་ མི་སེར་ཚུ་གིས་ ཞབས་ཏོག་སྤྱོད་པའི་སྐབས་ དཀའ་ངལ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ རྒེད་འོག་ལྟེ་བའི་ནང་ སྤོ་བ་ཅིན་ རྩ་མང་གི་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་ འབྱུང་ནི་ཨིནམ་ལས་ སྤོ་ཐབས་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩ་མང་གི་དོན་ལུ་ པཱམ་དང་ ཏོ་ཀ་རེ་ལས་ རྡོ་རྗེ་ལུང་ཚུན་ འཁོར་ལམ་སེལ་ནི་ཨིན་མི་དེ་གིས་ རྡོ་རྗེ་ལུང་དང་ ཨའུ་མཚོ་གི་བར་ན་ ཀུར་རི་ཆུ་གློག་མེ་ལས་འགུལ་ འོང་དོ་ཡོདཔ་ལས་ དེ་གིས་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ཚོད་བསྲེའི་ལཱ་འབད་ནི་དང་ སྒོ་ནོར་དང་ སོ་ནམ་གྱི་ལཱ་ཚུ་ ག་ཅི་ར་འབད་རུང་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ འཐོབ་ནིའི་གོ་སྐབས་ཡོདཔ་ལས་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ བློན་ཆེན་གྱིས་ དེ་ཁར་འཛོམས་མི་ མི་སེར་ཚུ་ལུ་ གསུངས་ཡི།
ཁ་ཙ་ ཙ་ཀ་གླིང་རྒེད་འོག་དང་ ཆ་གླིང་ དེ་ལས་ མོང་སྒར་རྒེད་འོག་གི་ མི་སེར་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ ད་རིས་ སྐྱེངས་མཁར་དང་ འགྱུར་མེད་ དེ་ལས་ ས་གླིང་རྒེད་འོག་གི་ མི་སེར་ཚུ་དང་ མཇལ་ཕྲད་གནང་ནི་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *