རྩ་མང་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་བཏང་མི་ལུ་ ཉོགས་བཤད་བཀོད་དོ་ཡོདཔ།

༉ ཀི་ལོ་མི་ཊར་༢༡ ལྷགཔ་ཅིག་འབད་མི་ རྩ་མང་རྒེད་འོག་ལྟེ་བའི་འཁོར་ལམ་དེ་ སྤྱི་ལོ་༢༠༡༧ གྱི་ ལོ་མཇུག་ཁམས་ལས་ རྩི་ནག་གཏང་ཚར་དགོཔ་ཨིན་རུང་ མཇུག་བསྡུ་མ་ཚུགས་པའི་ཁར་ རྩི་ནག་བཏང་མི་ཚུ་ཡང་ སྤུས་ཚད་དང་ལྡནམ་སྦེ་མེདཔ་ལས་ མི་སེར་ཚུ་གིས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལས་ འཁོར་ལམ་གྱི་ གཞི་འགྱམ་བཟོ་སྐྲུན་འབད་ནི་དང་ རྩི་ནག་གཏང་ནི་ དེ་ལས་ ཆུ་གཡུར་བཟོ་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༤ ལྷགཔ་ཅིག་གནང་མི་དེ་ ཕུན་ཚོགས་རབ་བརྟན་ཁག་འབགཔ་དང་ སྟོབས་ལྡན་ཁག་འབགཔ་༢ ཀྱིས་ རིན་བསྡུར་ཐོག་ལས་ ཐོབ་ཡོདཔ་ཨིན་པས།
ཕུན་ཚོགས་རབ་བརྟན་ཁག་འབགཔ་གིས་ ཡོང་ཀོ་ལ་ལས་ རྩ་མང་སྒང་མཐོ་ཚུན་ ཀི་ལོ་མི་ཊར་༢༠ དང་ སྒང་མཐོ་ལས་ བཱན་ཇར་རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༡༠ ལྷགཔ་ཅིག་ བགོ་བཀྲམ་འབད་ནུག།
བཱན་ཇར་གཡུས་ཚན་ལས་ སྲིད་ཐར་གྱིས་ སླབ་མིའི་ནང་ གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་བཏང་བཅུག་མི་དེ་ ཁག་འབགཔ་ཚུ་གིས་ ལས་འགུལ་མཇུག་སྟེ་ ཟླཝ་དག་པ་ཅིག་གི་ཤུལ་ལས་ རྩི་ནག་ཚུ་ སྦོག་སོང་སྟེ་ དོང་འཐོན་ནི་འགོ་བཙུགས་མི་དང་ ལམ་གྱི་གཡས་གཡོན་ལས་ ཆུ་གཡུར་མ་བཟོ་མི་ལུ་བལྟ་སྟེ་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
སྒང་མཐོ་ལས་ ཨཔ་ནག་སྲིད་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཡོང་ཀོ་ལ་ལས་ སྒང་མཐོ་ཚུན་ ཀི་ལོ་མི་ཊར་༢༡ རྩི་ནག་བཏང་དགོ་མི་ལས་ ཀི་ལོ་མི་ཊར་༥ དེ་ཅིག་ རྩི་ནག་བཏང་མ་ཚར་རུང་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ རྩིས་ལེན་མི་དེ་ སེམས་དང་མ་ལྡན་ཟེར་ཨིན་པས།
འཁོར་ལམ་རྩི་ནག་གཏང་ནི་དེ་ཡང་ ཚད་གཞི་དང་ སྒྲིག་གཞི་ དེ་ལས་ ལམ་སྟོན་ཚུ་དང་འཁྲིལ་དགོཔ་ཨིན་རུང་ ལམ་སེལ་ལས་སྡེ་ལས་ བཟོ་རིག་འགོ་དཔོན་ཚུ་གིས་ ལྟ་རྟོག་དང་ ཞིབ་དཔྱད་ཚུ་ ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་པའི་ཁར་ ཁག་འབགཔ་ཚུ་གིས་ ལམ་སེལ་ལས་སྡེའི་འགོ་དཔོན་ཚུ་ལུ་ རྩིས་སྤྲོད་འབད་བའི་སྐབས་ རྒེད་འོག་གི་འགོ་ཁྲིདཔ་དང་ མི་སེར་ཚུ་ འཛོམས་དགོཔ་ གལ་ཆེཝ་སྦེ་མཐོང་ཡི་ཟེར་ ཨིན་པས།
རྩ་མང་དམངས་མི་ བདེ་སྐྱིད་དཔལ་སྒྲོན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ འཁོར་ལམ་རྩི་ནག་གཏང་ནིའི་སྐོར་ལས་ རྒེད་འོག་ཡིག་ཚང་ནང་ ཡིག་ཐོ་ལུ་མེད་རུང་ ངག་ཐོག་ལས་ ཉོགས་བཤད་བཀོད་མི་དང་འཁྲིལ་ ཁག་འབགཔ་ཚུ་ལུ་ སྙན་ཞུ་འབད་རུང་ ཁག་འབགཔ་ཚུ་གིས་ ལྟ་རྟོག་དང་ཞིབ་དཔྱད་འབད་མི་དེ་ ལམ་སེལ་ལས་སྡེའི་འགན་ཁུར་ཨིན་ཟེར་སླབ་སྟེ་ ཁུངས་མེདཔ་བཟོ་ནི་འདུག་ཟེར་ཨིན་པས།
གླིང་མེད་ཐང་ལུ་ཡོད་པའི་ ལུང་ཕྱོགས་བཟོ་རིག་ལས་སྡེ་དང་ རྩ་མང་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནིའི་དོན་ལུ་ ལྟ་རྟོག་དང་ འགོ་འདྲེན་འཐབ་མི་ བཟོ་རིག་འགོ་དཔོན་དབང་འདུས་ཀྱིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༥ དེ་ཅིག་དང་ ལམ་གཡས་གཡོན་ལས་ཕར་ གཡུར་བ་མ་སེལ་མི་དང་ རྩི་ནག་བཏང་མི་ ས་གོ་ལ་ལོ་ཅིག་ནང་ སྦོག་འགྱོ་མི་དེ་ ས་གནས་བརྟན་ཏོག་ཏོ་མེད་མི་དང་ མོ་བཏབ་ཀྱི་དོན་ལུ་ རྩི་ནག་བཏང་མི་ཚུ་ཨིན་ཟེར་ ཨིན་པས།
རྩི་ནག་མ་བཏང་མི་ཚུ་ སའི་གཞི་འགྱམ་བརྟན་ཏོག་ཏོ་མེད་མི་དང་ ས་རུད་ཆད་མིའི་ གནད་དོན་ཚུ་ལུ་བརྟེན་ བཞག་ཡོདཔ་ད་ ཆུའི་གཡུར་བ་བསལ་ནི་ལུ་ མ་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ཨིན་རུང་ མ་འོངས་པ་ལུ་ ས་ཆའི་གནས་སྟངས་དང་བསྟུན་ ཡོངས་རྫོགས་སྦེ་ ལཱ་མཇུག་བསྡུ་ཚུགས་ཟེར་ བཟོ་རིག་འགོ་དཔོན་དབང་འདུས་ཀྱིས་ སླབ་ཨིན་པས།
ལྷག་པར་དུ་ རྩི་ནག་བཏང་ཚར་མི་དང་ འཁོར་ལམ་གྱི་ གཞི་འགྱམ་ས་གོ་ ལ་ལོ་ཅིག་ནང་ སྦོག་འགྱོ་མི་དང་ ཆད་མི་ཚུ་ ཁག་འབགཔ་ཚུ་གིས་ ལོག་བཅོ་ཁ་རྐྱབ་དགོཔ་སྦེ་ གན་ཡིག་ནང་འཁོད་དེ་ཡོདཔ་བཞིན་དུ་ ཁག་འབགཔ་ཚུ་ལུ་ ཉེན་བརྡ་བྱིན་ཏེ་ཡོད་ཟེར་ཨིན་པས།
རྩ་མང་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་གིས་ གུང་པ་༢༥ འི་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *