གཡུས་མི་ཚུ་གིས་ རང་སོའི་ ཨོམ་བཀྲམ་སྤེལ་འབད་བའི་ ཐོ་བཀོད་འབད་བའི་བསྒང་།

རྩ་མང་རྒེད་འོག་གི་ ཨོམ་སྡེ་ཚན་ལུ་ གདོང་ལེན་བྱུང་དོ་ཡོདཔ།

༉ ཨོམ་གྱི་སྡེ་ཚན་ ཡུན་བརྟན་འཛིན་སྐྱོང་འབད་ནི་ལུ་ རྒེད་འོག་སྒོ་ནོར་ཡིག་ཚང་གིས་ དགོས་མཁོ་དང་བསྟུན་པའི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོད་རུང་ འཐུས་མི་ཚུ་ གཅིག་སྒྲིལ་ཐོག་ གནས་མ་ཚུགས་ནི་དེ་གིས་ ཉམས་ཉེན་གུ་ ལྷོད་དེ་འདུག།
ཨོམ་གྱི་སྡེ་ཚན་ནང་ འཐུས་མི་སྦེ་འཛུལ་ཞུགས་འབད་མི་ གུང་པ་༢༧ ཡོདཔ་ཨིན་རུང་ ད་རེས་ ཉིན་བསྟར་བཞིན་དུ་ ཨོམ་བཀྲམ་སྤེལ་འབད་མི་ འཐུས་མི་༡༠ དེ་ཅིག་མ་གཏོགས་མེད་མི་དེ་ ཨོམ་བཀྲམ་སྤེལ་འབད་མི་ མར་བབས་སོང་སྟེ་ འོང་འབབ་བཟོ་མ་ཚུགས་པའི་ གདོང་ལེན་བྱུང་མི་ལུ་བརྟེན་ ཨོམ་བཙོང་ཁང་ སྒོ་བསྡམ་ནིའི་གུ་ ལྷོད་དེ་འདུག།
སྤྱི་ལོ་༢༠༠༨ ལུ་ གཞི་བཙུགས་འབད་མི་ རྩ་མང་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ སྒོ་ནོར་ཐོན་ཤུགས་ གོང་འཕེལ་jཏང་སྟེ་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ཐབས་ལུ་ རྫོང་ཁག་སོ་ནམ་དང་ རྒེད་འོག་སོ་ནམ་སྡེ་ཚན་༢ ཀྱིས་མཉམ་རུབ་ཐོག་ལས་ ལས་རིམ་ཚུ་བཟོ་སྟེ་ ཨོམ་ཐོན་ཤུགས་ཆེ་བའི་ ཇར་སི་ཚུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ སྐྱེས་ལོ་༣༠ ལང་མི་ ཤེས་བྱ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཨོམ་བསྡུ་ཐོན་སྐྱེད་བཟོ་མི་ལུ་ འཐུས་མི་ཚུ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༥༠ རེ་གླ་འཐུས་སྦེ་སྤྲོད་དགོ་པའི་ཁར་ ད་རུང་ ཚོགས་པའི་ མ་དངུལ་གསོག་འཇོག་གི་དོན་ལུ་ དངུལ་ཀྲམ་༥༠ རེ་ བསྡུ་ལེན་འབད་ནི་ཡོད་ཟེར་ཨིན་པས།
གཞན་དལ་གཞི་ ཨོམ་གྱི་ཐོན་སྐྱེད་བཙོང་སྟེ་ཐོབ་མི་ མ་དངུལ་ལས་བཏོག་སྟེ་ སྡེ་ཚན་གྱི་ མིང་ ཐོ་ལུ་ཡོད་པའི་ རྩིས་ཐོ་ནང་ གསོག་འཇོག་འབད་དགོཔ་ཨིན་རུང་ ཨོམ་ཐོན་སྐྱེད་ཀྱི་ལཱ་འབད་མི་གིས་ ཟླ་རིམ་གྱི་དངུལ་ཕོགས་དང་ གསོག་འཇོག་མ་དངུལ་ཚུ་ ལོགས་སུ་སྦེ་ བསྡུ་ལེན་འབད་མི་ལུ་ ཁེ་རྒུད་མ་བཏུབ་པའི་གནད་ལས་ འཐུས་མི་ཚུ་གིས་ སྤྲོ་བ་ཞན་སུ་ འགྱོ་དོ་བཟུམ་མཐོང་མས་ཟེར་ཨིན་པས།
སྐྱེས་ལོ་༤༣ ལང་མི་ གནས་མདོ་མོ་གིས་ སླབ་མིའི་ནང་ ཟླ་རིམ་བཞིན་དུ་ ཨོམ་བཙོང་སྟེ་ དངུལ་ཀྲམ་ ༧༠༠༠ ལྷགཔ་ཅིག་ བཟོ་ཚུགས་མི་དེ་གིས་ སྐྱིན་འགྲུལ་བཏབ་ཚུགསཔ་མ་ཚད་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༤ གི་ ཟད་འགྲོ་གཏང་ནི་ལུ་ ཁེ་ཕན་བྱུང་བཞིན་དུ་ཡོད་ཟེར་ཨིན་པས།
མི་སྡེ་ཨོམ་ཚོགས་པ་དེ་ དྭངས་གསལ་དང་ ཡུན་བརྟན་གྱི་དོན་ལུ་ དྲུང་ཆེན་དང་ ཁྲི་འཛིན་ རྩིས་དྲུང་ཚུ་ཡོད་རུང་ རང་སོའི་འགན་འཁྲི་དང་འཁྲིལ་ ལས་འགན་འབག་མ་བཏུབ་མ་ཚད་ རྩིས་ཐོ་ནང་ མ་དངུལ་ཡོད་མེད་ཚུ་ཡང་ ཤེས་རྟོགས་མེད་པའི་ མཐོང་གསལ་བྱུངམ་ཨིན་པས།
ཨོམ་གྱི་ ཐོན་སྐྱེད་བཟོ་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ འཐུས་མི་ཚུ་ལུ་ ཏི་རུ་བྱིན་མ་ཚུགས་མི་དེ་ ཐོན་སྐྱེད་ལེགས་འཐོན་མེདཔ་མ་ཚད་ ཚོང་འབྲེལ་ཡང་ ལེགས་ཤོམ་ འགྱོ་མ་བཏུབ་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ལས་འགོ་བཟུང་ ཨོམ་གྱི་ཐོན་སྐྱེད་ཚུ་ ཐིམ་ཕུག་ཚོད་བསྲེ་ཁྲོམ་ནང་ མར་དང་དར་ཚིལ་བཙོང་ མི་ཚུ་དང་ འབྲེལ་བ་འཐབ་ཚུགསཔ་ལས་ འོང་འབབ་ཡང་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ ཡར་དྲག་སོང་ནི་དེ་གིས་ ཟླ་རིམ་བཞིན་དུ་ ཏི་རུ་ཚུ་ སྤྲོད་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ ཨོམ་བཙོང་ཁང་ནང་ ལཱ་འབད་དགོ་མི་དེ་ འོང་འབབ་ལུ་བལྟ་སྟེ་མེན་པར་ མི་སྡེ་ཨོམ་ཚོགས་པའི་ འཐུས་མི་ཚུ་གིས་ སྐོར་རྒྱབ་སྦེ་ ལཱ་འབད་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ སྐྱེས་ལོ་༣༩ ལང་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་ཨིན་པས།
རྒེད་འོག་སྒོ་ནོར་རྒྱ་སྐྱེད་འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ ཨོམ་ཚོགས་པའི་འཐུས་མི་༢༧ ལས་ ད་རེས་ མར་བབས་འགྱོ་མི་དེ་ཡང་ ཨོམ་བཞོ་མི་བ་ཚུ་ ཤི་རྐྱེན་བྱུང་མི་དང་ ཨོམ་གྱི་ཐོན་ཤུགས་གངམ་ མེད་མི་ལུ་བརྟེན་ ཨིན་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *