རྣམ་ཅོ་བྱ་རྡུགས་འབད་མི་ སློབ་ཕྲུག་ཚུ་ ཉིན་མའི་ལྟོ་ཟ་བའི་བསྒང་།

རྣམ་ཅོ་བྱ་རྡུགས་འབད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ ལག་བརྡའི་ཞིབ་འཚོལ་འབད་ནི་ འགོ་བཙུགས་ཡོདཔ།

༉ སྤ་རོ་འབྲུག་རྒྱལ་ལུ་ཡོད་མི་ རྣམ་ཅོ་བྱ་རྡུགས་སློབ་གྲྭའི་ སློབ་དཔོན་གསུམ་དང་ ན་ལོན་བྱ་རྡུགས་གསུམ་གྱིས་ བྱ་རྡུགས་ཚུ་གི་དོན་ལུ་ འབྲུག་གི་ལག་བརྡ་ཟེར་མི་དེ་ ཕྱོགས་བསྒྲིག་འབད་ནིའི་དོན་ལུ་ སྡེ་ཚན་དེ་གིས་ ཞིབ་འཚོལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལག་བརྡ་ཕྱོགས་སྒྲིག་འབད་མི་ཅིག་ སློབ་དཔོན་སུ་ཤི་ལ་ གུ་རུང་ཨིནམ་ད་ མོ་གིས་བཤད་མིའི་ནང་ སློབ་གྲྭ་ནང་ ལོ་བསྟར་བཞིན་དུ་ ཨཱསི་ཊེ་ལི་ཡན་རྒྱལ་སྤྱི་ཁས་བླངས་ནང་ལས་ བྱ་རྡུགས་ཀྱི་དོན་ལུ་ སློབ་སྦྱོང་བྱིན་པར་ འོང་ནི་ཡོད་ཟེར་ཨིནམ་ད་ སློབ་གྲྭ་ནང་འབད་བ་ཅིན་ སློབ་དཔོན་ཚུ་གིས་ སློབ་སྟོན་འབདཝ་དང་འབྲེལ་ ཨ་ལོ་ཚུ་ལུ་ གཞི་བཞག་ཐོག་ལས་ ཞིབ་འཚོལ་འབད་དོ་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ ལག་བརྡ་ལ་ལོ་ཅིག་ ཧེ་མ་ལས་ ཡོད་དེ་འབད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ ཁོང་བྱ་རྡུགས་ཚུ་གིས་ མི་སྡེ་ནང་ གོ་བ་ལེན་ནི་ལུ་ བསྒྱུར་བཅོས་སོང་ཡོདཔ་ལས་ ལག་བརྡ་དེ་ཚུ་ སྒྲ་བཟུང་འབད་དེ་ བྱ་རྡུགས་ཚུ་གིས་ ཧ་གོ་ཐངས་ ག་དེ་སྦེ་ར་ ཡོདཔ་ཨིན་ན་ཚུ་ དབྱེ་ཞིབ་འབད་དེ་ དེ་དང་འཁྲིལ་ བཟོ་དོ་ཟེར་ཨིན་པས།
ལག་བརྡ་ཚུ་ བསྡུ་སྒྲིག་འབད་ནིའི་དོན་ལུ་ གློག་བརྙན་སྦེ་བཟོ་སྟེ་ ལག་བརྡ་རེ་རེ་བཞིན་དུ་གི་ རྣམ་འགྱུར་ཚུ་ལུ་ དབྱེ་བ་དཔྱད་དེ་རྐྱངམ་གཅིག་ ཐག་བཅད་དགོཔ་ལས་ དུས་ཚོད་ལེ་ཤ་འགོརཝ་མས་ཟེར་ སི་ཤི་ལ་གུ་རུང་གིས་བཤད་ཅི།
བྱ་རྡུགས་ཀྱི་སློབ་གྲྭ་དེ་ སྤྱི་ལོ་༢༠༠༣ ལས་རྐྱངམ་གཅིག་ འགོ་བཙུགས་མི་དེ་ གཞན་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ ཕྱིས་ཏེ་ཡོད་རུང་ མོ་གིས་བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་གཞན་ཚུ་ནང་ དཀའ་ངལ་བྱུང་མི་དང་ དཔེ་ལེགས་ཤོམ་ཡོད་མི་ཚུ་ ཁོང་གིས་ བལྟ་སའི་ཡུལ་ཡོདཔ་ལས་ ཁེ་ཕན་དང་གནོད་པ་གཉིས་ཆ་ར་ འདུག་ཟེར་ཨིན་པས།
ལག་བརྡ་དེ་ ཧེ་མ་ལས་ཡོད་མི་ ལག་བརྡ་ཚུ་ལུ་ གཞི་བཞག་སྟེ་ བཟོ་དོ་ཡོད་རུང་ ཧེ་མ་དང་ ད་རེས་ཀྱི་བར་ན་ ལག་བརྡ་ཚུ་ ཁྱད་པར་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ འགོ་དང་པ་ འགོ་བཙུགསཔ་ད་ སློབ་སྟོན་གྱི་དོན་ལུ་ སློབ་ཕྲུག་བྱ་རྡུགས་དག་པ་ཅིག་ལས་ ལག་བརྡ་༢༠༠ ལྷགཔ་ཅིག་ བསྡུ་སྒྲིག་འབད་དེ་ འགྲོས་ཀྱིས་སྦེ་ བརྡ་སྤྲོད་དང་སློབ་རིག་གི་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
ཞིབ་འཚོལ་སྡེ་ཚན་གྱིས་ ཨ་ལོ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཅི་ར་ ཕྱོགས་སྒྲིག་འབད་བའི་ཤུལ་ལས་ ད་རེས་ ལག་བརྡའི་ཐོག་ལས་ རྗོད་ཚིག་བཟོ་ནིའི་ནང་ ལྷོད་དེ་ཡོད་ཟེར་ མོ་གིས་བཤད་ཅི།
སློབ་སྟོན་དོན་ལུ་ སྤྱི་ལོ་༢༠༠༢ ལུ་ ཐའི་ལེནཌ་ལས་ཨིན་མི་ ཌོག་ཊར་ མ་ལི་ཝཱན་ཟེར་མི་གིས་ འགོ་དང་པ་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
ཞིབ་འཚོལ་ངོ་མ་དེ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ གནས་སྡུད་དབྱེ་དཔྱད་འབད་ནི་ཚུ་ ད་ལྟོ་ བསྡུ་སྒྲིག་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
སུ་ཤི་ལ་གུ་རུང་གིས་ སླབ་མིའི་ནང་ བྱ་རྡུགས་ཚུ་གི་དོན་ལུ་ ཆ་ཚང་སྦེ་ ཀི་དེབ་ནང་ཡོད་མི་ག་ར་ ལག་བརྡ་ནང་ བཟོ་ཚུགས་པར་ལཱ་ཁག་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ དགོས་མཁོ་ཆེ་མི་ཚུ་རྐྱངམ་གཅིག་བཏོན་ཏེ་ བཟོ་དོ་ཟེར་ཨིན་པས།
ང་བཅས་ཀྱིས་ སློབ་ཕྲུག་ཨ་ལོ་ཚུ་གི་ ལྕོགས་གྲུབ་ཡང་ སེམས་ཁར་བཞག་སྟེ་ བསྡུ་སྒྲིག་འབད་དགོ་པས་ཟེར་ མོ་གིས་བཤད་པའི་ཁར་ ད་ལྟོ་ སློབ་གྲྭ་ནང་ སློབ་སྟོན་འབད་མི་ཚུ་ག་ར་ སྤྱིར་བཏང་སློབ་གྲྭ་ཚུ་ལས་འོང་མི་ སློབ་དཔོན་ཚུ་མ་གཏོགས་ བྱ་རྡུགས་ཚུ་ལུ་ སློབ་སྟོན་འབད་ཚུགས་པའི་ ལག་ཁྱེར་འཆང་མི་ ཕུད་རྡོག་གཅིག་ཡང་མེད་རུང་ སློབ་དཔོན་ཅིག་ སྦྱོང་བརྡར་ནང་སོང་ཡོད་མི་དེ་ ལོག་ལྷོད་འོང་ཟེར་ དབུ་འཛིན་འོགམ་ ནོར་བུ་གིས་བཤད་ཅི།
ལག་བརྡ་དེ་ མིག་ཏོ་གིས་བལྟ་སྟེ་ བརྡ་སྤྲོད་འབད་དགོ་ནི་དེ་གིས་ དེ་ནང་ ཆ་ཚང་སྦེ་ ཚང་དགོཔ་ལེ་ཤ་ཡོདཔ་ལས་ ག་ར་ཚང་ནིའི་དོན་ལུ་ གློག་བརྙན་སྦེ་བཟོ་སྟེ་ར་ འབད་དགོ་དོ་ཡོདཔ་ཨིན་པས།
བྱ་རྡུགས་སློབ་ཕྲུག་ཚུ་ སློབ་གྲྭ་ནང་ལྷོདཔ་ཅིག་ ལོ་ཚད་ཀྱི་ཁྱད་པར་ལུ་མ་བལྟ་བར་ འགོ་དང་པའི་ ཟླཝ་༦ ནང་ གཞི་རྟེན་གྱི་ལཱ་འབད་ཐངས་ དཔེར་ན་ བཞེས་སྒོ་འབད་ཐངས་དང་ ཚོད་བསྲེའི་རིགས་ངོ་སྤྲོད་ དེ་ལས་ སྨན་ཁང་དང་སློབ་གྲྭ་ དེ་བཟུམ་སྦེ་ ཆུ་འཁྱུ་ནི་ལ་སོགས་པའི་རིགས་ཚུ་ སློབ་སྟོན་འབད་བྱིན་དོ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལག་བརྡ་ཚུ་སྟོན་ཏེ་ ཨིང་སྐད་ཚུ་འབྲི་ནིའི་ སློབ་སྟོན་འབད་དོ་ཡོད་རུང་ རྫོང་ཁ་འབྲི་ནི་དེ་ སློབ་རིམ་༢ པའི་ནང་ལས་རྐྱངམ་གཅིག་ སྟོན་ནི་ཡོད་ཟེར་ཨིན་པས།
རྒྱལ་སྤྱིའི་ཞིབ་འཚོལ་དང་འཁྲིལ་རུང་ བྱ་རྡུགས་ཚུ་གིས་ འབྲི་ནིའི་གནས་ཚད་དེ་ སྤྱིར་བཏང་སློབ་ཕྲུག་ཚུ་དང་ཕྱདཔ་ད་ གནས་ཚད་དམའ་སུ་སྦེ་ར་ ཡོདཔ་ཨིན་པས།
ད་ལྟོ་ སློབ་གྲྭའི་སློབ་དཔོན་ཚུ་གིས་ ཞིབ་འཚོལ་འབད་དོ་ཡོད་རུང་ མ་འོངས་པའི་ནང་ ཞིབ་འཚོལ་སྡེ་ཚན་ སོ་སོར་སྦེ་ བཙུགས་ནིའི་དོན་ལུ་ གྲོས་འདེབས་འབད་ནིའི་ འཆར་གཞི་ཡོད་ཟེར་ དབུ་འཛིན་འོགམ་གིས་ བཤད་ཡོད་པའི་གནས་ཚུལ།

འབྲུག་རྒྱལ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *