རྣམ་ཅོ་བྱ་རྡུགས་ཚུ་གིས་ རྒྱལ་སྤྱིའི་བདུན་ཕྲག་བརྩི་སྲུང་ འགོ་བཙུགས་ཡོདཔ།

ཁ་ཙ་ རྒྱལ་སྤྱི་རྣམ་ཅོ་བྱ་རྡུགས་ཚུ་གིས་ རྒྱལ་སྤྱིའི་བདུན་ཕྲག་ བརྩི་སྲུང་འབད་མི་དང་འབྲེལ་ འབྲུག་རྒྱལ་ལུ་ཡོད་མི་ དབང་གསལ་སློབ་གྲྭའི་ སློབ་ཕྲུག་བྱ་རྡུགས་ཚུ་གིས་ཡང་ ཉིནམ་བརྩི་སྲུང་འབད་ཡི།

ཁ་ཙ་གི་ དུས་སྟོན་བརྗོད་དོན་དེ་ ག་ར་ལུ་ ལག་བརྡའི་ཐོབ་དབང་ཟེར་ བཞག་ཡོད་མི་དེ་ཡང་ མི་སྡེ་ཚུ་གིས་ རྣམ་ཅོ་མ་གོ་མི་ཚུ་ལུ་ འབྲེལ་བ་འཐབ་ཚུགསཔ་འབད་ནིའི་ནང་ གྲོགས་རམ་འབད་དགོ་ཟེར་བའི་ དོན་དག་ཨིན་པས།

ལས་རིམ་སྐབས་ སློབ་གྲྭའི་སློབ་དཔོན་ཅིག་གིས་ ཉིནམ་དེ་ གཙོ་བོ་ར་ ག་ར་གིས་ གཅིག་ཁར་འོང་སྟེ་ རྣམ་ཅོ་བྱ་རྡུགས་ཚུ་དང་གཅིག་ཁར་ བརྩི་སྲུང་འབད་ནིའི་དོན་ལུ་ ཨིན་ཟེར་བཤད་ཅི།

བཀྲིས་སྒང་ལུ་ཡོད་མི་ བྲག་མཚོ་རྣམ་ཅོ་མ་གོ་མི་ སློབ་གྲྭའི་སློབ་ཕྲུག་༡༠ དང་ སློབ་དཔོན་ཅིག་གིས་ཡང་ དུས་སྟོན་བརྩི་སྲུང་འབད་བར་ འོང་ཡོདཔ་ཨིན་པས།

སློབ་དཔོན་དེ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ རྣམ་ཅོ་མ་གོ་མི་ཚུ་ལུ་ གྲོགས་རམ་འབད་ནིའི་ དུས་ཚོད་རན་ནུག་ཟེར་ཨིནམ་ད་ བརྩི་སྲུང་དེ་གིས་ རྒྱལ་སྤྱི་རྣམ་ཅོག་མ་གོ་མིའི་བདུན་ཕྲག་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ཟེར་ཨིན་པས།

སློབ་གྲྭའི་ཡོངས་དཔོན་གྱིས་ ཉིནམ་དེ་གི་སྐོར་ལས་ ལག་བརྡའི་ཐོག་ལས་ གསལ་བཤད་འབད་མི་དེ་ སློབ་དཔོན་ཅིག་གིས་ སྐད་སྒྱུར་འབད་དེ་ སླབ་མི་དང་འཁྲིལཝ་ད་ ལག་བརྡ་དེ་ ཁོང་གི་དོན་ལུ་ ཁ་སྐད་ངོ་མ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ གལ་ཆེ་ཟེར་ཨིན་པས།

ཛཱསི་ཏི་ལི་ཡ་ལས་ཨིན་མི་ ཀོ་ལིན་ཨེ་ལིན་གྱིས་ སླབ་མིའི་ནང་ རྣམ་ཅོ་མ་གོ་མི་ཚུ་ཡང་ འཛམ་གླིང་གི་ ཆ་ཤས་ཅིག་ཨིནམ་ལས་ ལག་བརྡའི་ཉིནམ་བརྩི་སྲུང་འབད་མི་དེ་ ཁྱོད་ལུ་ཡང་ དབང་ཆ་འདྲ་མཉམ་ཡོད་ཟེར་བའི་ རྟགས་མཚན་ཅིག་ཨིན་ཟེར་ ཨིན་པས།

ཁོ་གིས་བཤད་མིའི་ནང་ མི་སྡེ་ལུ་ཡང་ ལག་བརྡའི་སྐོར་ལས་ ཤེས་ཡོན་སྤྲོད་དགོཔ་འདུག་ཟེར་ཨིནམ་ད་ རྣམ་ཅོ་མ་གོ་མི་ཚུ་ལུ་ སྐྱེས་བའི་བསྒང་ལས་ར་ དབང་ཆ་འཐོབ་དགོཔ་དེ་ རང་གི་དབང་ཆ་ཅིག་ ཨིན་ཟེར་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱིས་ཡང་ ལག་བརྡ་དེ་ ཁ་སྐད་གཞན་ཚུ་དང་ གཅིག་མཚུངས་སྦེ་ ཆ་བཞགཔ་ཨིན་ཟེར་ཨིནམ་ད་ ལག་བརྡ་དེ་ རྣམ་ཅོ་མ་གོ་མི་ཚུ་གིས་ དཔའ་ཉམས་བསྐྱེད་དགོ་ཟེར་ ཁོ་གིས་བཤད་ཅི།

རྣམ་ཅོ་མ་གོ་མི་ ཨ་ལོ་ཅིག་གི་ཨའི་ཨིན་མི་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ མོ་གིས་ སྤྱི་ལོ་༢༠༡༧ གྱི་ཧེ་མར་ མོ་རའི་ཨ་ལོ་ རྣམ་ཅོ་མ་གོ་མི་དང་གཅིག་ཁར་ ཁྱིམ་ནང་ བརྡ་སྟོན་གྱི་ཐོག་ལས་ འབྲེལ་བ་འཐབ་སྡོད་རུང་ སློབ་གྲྭ་ནང་ བཙུགས་པའི་ཤུལ་ལས་ ཨ་ལོ་དང་འབྲེལ་བ་འཐབ་ནི་ལུ་ ལེ་ཤ་གིས་ འཇམ་ཏོང་ཏོ་ སོང་ཡི་ཟེར་ཨིན་པས།

སློབ་གྲྭ་གིས་ རྣམ་ཅོ་མ་གོ་མི་ཚུ་ ཁྱིམ་ནང་ལྷོདཔ་ད་ རང་གི་ ནང་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་མི་དེ་ ཧ་གོ་བའི་ཤུལ་ལས་ ལོ་ངོ་དག་པ་ཅིག་གི་ཧེ་མ་ལས་ རེས་གཟའ་སྤེན་པ་ ཨ་རྟག་ར་ ཕམ་ཚུ་ལུ་ དུས་ཡུན་ཆུ་ཚོད་༡ གི་རིང་ ལག་བརྡའི་སློབ་སྟོན་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དེ་ཡང་ གཙོ་བོ་ར་ སློབ་ཕྲུག་ཚུ་གིས་ རང་སོའི་ཁྱིམ་ནང་ལྷོདཔ་ད་ སློབ་གྲྭ་ནང་ལྷབ་མི་དེ་ ཕམ་དང་ བཟའ་ཚང་ནང་མི་ཚུ་དང་གཅིག་ཁར་ འབྲེལ་འཐབ་ཚུགས་ནིའི་དོན་ལུ་ཨིན་པས།

སློབ་གྲྭའི་སློབ་དཔོན་ སུ་ཤུ་ལ་གུ་རུང་གིས་ སླབ་མིའི་ནང་ ཕམ་ཅིག་གིས་ མོ་གི་ཨ་ལོ་དེ་ སློབ་གྲྭ་ནང་ལས་ ཁྱིམ་ནང་ལྷོདཔ་ད་ ཁོང་དང་གཅིག་ཁར་ ལག་བརྡའི་ཐོག་ལས་ འབྲེལ་བ་འཐབ་མ་ཤེས་ནི་དེ་གིས་ དབུགས་འགམ་སྟེ་ དཀའ་ངལ་ཚུ་ ཐོན་ཡོད་པའི་སྐོར་ལས་ ལོ་རྒྱུས་བཤདཔ་མས་ཟེར་ཨིན་པས།

གཞན་མི་སློབ་དཔོན་ བཙན་སྐྱོགས་རྒྱལམོ་གིས་ སླབ་མིའི་ནང་ རྣམ་ཅོ་ལུ་ ཐོ་ཕོག་མི་ཨ་ལོ་ཚུ་ སློབ་གྲྭ་ནང་ བཙུགས་ནིའི་དུས་ཚོད་ལུ་ ཁྱིམ་ནང་བཞག་ནི་དེ་གིས་ ཤེས་ཚད་ཀྱི་གནས་ཚད་དེ་ དམའ་སུ་སྦེ་ཡོད་ཟེར་ཨིནམ་ད་ སློབ་གྲྭ་ནང་ འགོ་དང་པ་ བཙུགས་པའི་སྐབས་ ཨ་ལོ་ག་ར་ལུ་ ཟླཝ་༦ གི་རིང་ ལག་བརྡ་དང་ གཞི་རྟེན་ཤེས་ཡོན་གྱི་ སྦྱང་བ་བྱིན་དོ་ཡོད་ཟེར་ཨིན་པས།

གཞི་རྟེན་གྱི་ཤེས་ཡོན་དེ་ཡང་ བཞེས་སྒོ་འབད་ནི་དང་ ཚོད་བསྲེའི་རིགས་ཚུ་ ངོ་ཤེས་ནི་ སྨན་ཁང་ དེ་ལས་ བཟའ་ཚང་ལ་སོགས་པའི་སྐོར་ལས་ སྟོན་བྱིན་ནི་ཡོད་ཟེར་ཨིན་པས།

བདུན་ཕྲག་༡ གི་ལས་རིམ་ནང་ ཨ་ལོ་ཚུ་གིས་ པར་རིས་འབྲི་ནི་དང་ སྲུང་གཏང་ནི་ དེ་ལས་ གཞན་ཡང་ འགྲན་བསྡུར་གྱི་རིགས་ཚུ་ འགོ་འདྲེན་འཐབ་ནི་ཡོདཔ་ད་ བརྩི་སྲུང་དེ་ ཐིམ་ཕུག་གི་ སློབ་གྲྭ་དག་པ་ཅིག་ནང་ཡང་ བརྩི་སྲུང་འབད་འོང་ཟེར་ སློབ་གྲྭའི་དབུ་འཛིན་འོགམ་ ནོར་བུ་གིས་ བཤད་ཅི།

ཁོ་གིས་བཤད་མིའི་ནང་ ཕམ་མང་ཤོས་ཀྱིས་ རྣམ་ཅོ་མ་གོ་མི་ཚུ་ཡོདཔ་ཤེས་རུང་ གཡུས་ཁར་ ལཱ་ཁག་སྦེ་ ལཱ་འབད་མི་སྦེ་ བཞག་ནི་འདུག་ཟེར་ཨིན་པས།

ད་ལྟོ་ སློབ་གྲྭ་ནང་ སློབ་ཕྲུག་ཡོངས་བསྡོམས་༡༠༦ ཡོད་པའི་གནས་ཚུལ།

འབྲུག་རྒྱལ་ལས་ བཀྲིས་བསྟན་འཛིན།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *