རྡོག་མ་པ་ནེའི་གོང་ཚད་ རྣམ་རྟོག་ལང་སི་སི་སྦེ་ ཡར་སེང་སོང་ཡོདཔ།

༉ འབྲུག་མི་མང་ཤོས་ཅིག་གིས་དགའ་མི་ རྡོག་མ་དང་ པ་ནེ་ཚུ་ ད་རེས་ གོང་ཚད་རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་སོང་སྟེ་ཡོདཔ་ཨིན་པས།

དེ་ཡང་ ཐིམ་ཕུག་ཁྲོམ་ཁར་ དངུལ་ཀྲམ་༥༠ གྱིས་ རྡོག་མ་ཁམ་རྡོག་༧ དང་༨  དེ་ལས་ དངུལ་ཀྲམ་༢༠ གིས་ ཁམ་རྡོག་༣ ལས་བརྒལ་ མི་ཐོབ་དོ་ཡོདཔ་ད་ ཚོང་ཁང་ལ་ལོ་ཅིག་གིས་ དངུལ་ཀྲམ་༢༠ འབད་མི་ རྡོག་མ་ཁམ་རྡོག་ཚུ་ མི་བཙོང་དོ་ཡོདཔ་ཨིན་པས།

ཐིམ་ཕུག་ལས་ པ་སངས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ རྡོག་མའི་གོང་ཚད་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ ཨིན་རུང་ མོ་ར་ ཨ་རྟག་ར་ བཟའ་དགོཔ་ལས་ ཉིནམ་རེ་ལུ་ དངུལ་ཀྲམ་༢༠༠ དེ་རེ་ ཟད་འགྲོ་གནསཔ་མས་ཟེར་ བཤདཔ་ཨིན་པས།

མོ་ར་ ཆུང་ཀུ་བསྒང་ལས་ར་ རྡོག་མ་བཟའ་ནི་ལུ་ ལང་ཤོར་ཐལ་ཡོདཔ་བཞིན་དུ་ ད་རེས་ བཤོལ་བཞག་ནི་དེ་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།

ནོར་འཛིན་ལམ་བདའ་སྟེ་ཡོད་མི་ རྡོག་མ་ཚོང་པ་ཅིག་གིས་ སླབ་མིའི་ནང་ ཟླཝ་༡༠ ནང་ རྡོག་མའི་གོང་ཚད་ བརྒྱ་ཆ་༤༠ ཡར་སེང་སོང་ཡི་ཟེར་ཨིན་པས།

མོ་གིས་ རྡོག་མ་༨༠ ༼པཱོན༽ ལུ་ དངུལ་ཀྲམ་༦༢༠ རེ་སྤྲོད་དེ་ ཉོ་ཡོདཔ་ད་ པ་ནེ་མི་ཕྲ་དང་ བང་ལ་པ་ཏ་ཚུ་ཡང་ འདབ་ལེབ་༢༠ དང་༣༠ རེ་ལུ་ དངུལ་ཀྲམ་༡༠༠ རེ་ སྤྲོད་དགོ་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སྦུང་ཚོང་རྐྱབ་མི་ཚུ་གིས་ གོང་ཚད་སེང་པའི་སྐབས་ ཁོང་གིས་ཡང་ ཁམ་རྡོག་མར་ཕབ་མ་འབད་བར་ ཐབས་མིན་འདུག་ཟེར་ཨིན་པས།

ད་རེས་ཁམས་ སྦུང་ཚོང་པ་ཅིག་གིས་ རྡོག་མ་པཱོན་རེ་ལུ་ དངུལ་ཀྲམ་༣༥༠ དང་༣༨༠ རེ་སྦེ་ བཙོང་ཡོདཔ་ད་ ནད་ཡམས་ཀྱི་ ཧེ་མ་འབད་བ་ཅིན་ ཉིནམ་རེ་ལུ་ རྡོག་མ་ཁམ་རྡོག་༤༥༠ རེ་ བཙོང་ཚུགས་ཡོད་རུང་ ད་རེས་༢༥༠ རེ་ལས་བརྒལ་ བཙོང་མི་ཚུགས་པས་ཟེར་ཨིན་པས།

རྡོག་མ་ཚོང་པ་ གཞན་ཅིག་གིས་ སླབ་མིའི་ནང་ རྡོག་མ་ཚུ་ ལེགས་ཤོམ་སྦེ་ བཙོང་ཚུགས་ཡོདཔ་བཞིན་དུ་ ཉིནམ་རེ་ལུ་ དངུལ་ཀྲམ་༢,༠༠༠ དང་༣,༠༠༠ གི་བར་ན་ ཐོབ་ཚུགས་པས་ཟེར་ཨིན་པས།

ཨིན་རུང་ ད་ལྟོ་ རྡོག་མའི་ཚོང་འབྲེལ་ མར་བབས་སོང་མི་དེ་ཡང་ གཙོ་བོ་ར་ སྦུང་ཚོང་པ་ཚུ་ལས་ རྡོག་མ་ཉོ་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་ཟེར་ བཤདཔ་ཨིན་པས།

སྦུང་ཚོང་པ་ཅིག་གིས་ སླབ་མིའི་ནང་ སྐྱེལ་འདྲེན་གྱི་ ཟད་འགྲོ་ཚུ་མ་བརྩིས་བར་ རྒྱ་གར་ལས་ རྡོག་མ་པཱོན་རེ་ལུ་ དངུལ་ཀྲམ་༥༧༠ རེ་ སྤྲོད་དགོཔ་དང་ ཁོང་གིས་ ཚོང་པ་ཚུ་ལུ་ དངུལ་ཀྲམ་༦༠༠ རེ་སྦེ་ བཙོང་པའི་སྐབས་ ཁེ་སང་དངུལ་ཀྲམ་༣༠ རེ་མ་གཏོགས་ མི་ཐོབ་ཟེར་ཨིན་པས།

རྡོག་མ་སྦུང་ཚོང་པ་ ཇི་བཱན་ཁར་ཀ་གིས་འབད་བ་ཅིན་ འབྲུག་མི་ཚུ་ལས་ རྡོག་མ་ཚུ་ རྒྱུན་མ་ཆད་པར་ མི་ཐོབ་པའི་ཁར་ ལ་ལོ་ཅིག་གིས་ རྡོག་མ་བཏོག་ནིའི་དུས་ཚོད་ཚུ་ཡང་ མི་ཤེས་པས་ཟེར་ཨིན་པས།

ཁོང་གིས་ རྡོག་མ་ཚུ་ རྒྱ་གར་ལུ་ བཙོངམ་ཨིན་རུང་ འབྲུག་གིས་ རྒྱ་གར་ལས་ ལོག་ཉོ་དགོ་པས་ཟེར་ བཤདཔ་ཨིན་པས།

གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ལུ་ འབྲུག་གིས་ དངུལ་ཀྲམ་ས་ཡ་༥༡.༢༢ གནས་པའི་ རྡོག་མ་དང་ པ་ནེ་མེ་ཊིག་ཊཱན་༦༨༤.༥༢ ནང་འདྲེན་འབད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༡༡༥.༤༣ གནས་པའི་ མེ་ཊིག་ཊཱན་༥,༡༩༤.༢༨ ཕྱིར་བཙོང་འབད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *