རྡོ་སོལ་ཕྱིར་བཏོན་གྱི་ ས་ཁོངས་༡ མི་སྡེ་ལུ་ གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ།

༉ བསམ་གྲུབ་ཆོས་གླིང་དྲུང་ཁག་ པདྨའི་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ ད་ལྟོ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ བློན་ཆེན་ཡིག་ཚང་ལུ་ རྡོ་སོལ་ཕྱིར་བཏོན་གྱི་ ས་ཁོངས་༢ ལས་༡ མི་སྡེ་ལུ་ གནང་དགོ་པའི་ ཞུ་བ་ཕུལ་མིའི་ ལན་གསལ་ལུ་ སྒུག་དོ་ཡོདཔ་ཨིན་པས།

སྒེར་སྡེ་ཚད་འཛིན་གྱི་ཁྲི་འཛིན་ ཨར་ཇུན་ཆམ་ལ་གའི་གིས་ སླབ་མི་དང་འཁྲིལཝ་ད་ མི་སེར་གྱིས་ མ་རྩ་འབོར་ཆེ་ཏོག་ཏོ་སྦེ་ གཞི་བཙུགས་འབད་ཡོདཔ་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་བཟང་པོ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

དེ་འབདཝ་ད་ དུས་ཅི་ སྤྱི་ཟླ་༤ པའི་ནང་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ རིན་བསྡུར་འབད་དེ་ བསམ་གྲུབ་ཆོས་གླིང་གི་ ས་གནས་ཧ་བ་རང་དང་ མཚོ་ཕང་མའི་ རྡོ་སོལ་ཕྱིར་བཏོན་གྱི་ལཱ་དེ་ ཁག་འབགཔ་ལུ་ སྤྲོད་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༤ ལུ་ སྒེར་སྡེ་ཚད་འཛིན་གྱིས་ བློན་ཆེན་ཡིག་ཚང་ལུ་ ཞུ་ཡིག་ཕུལ་མི་དང་འཁྲིལཝ་ད་ མི་སྡེ་ལུ་ དབྱེ་ཁག་མ་འདྲཝ་བཟོ་ཐོག་ལས་ དཀའ་སྡུག་བྱིན་ཡོདཔ་བཞིན་དུ་ ཁག་འབགཔ་དང་ མི་སྡེ་ལུ་ རྒྱབ་སྐྱོར་འབད་མིའི་ཐད་ལུ་ ཁྱད་པར་སྦོམ་འདུག་ཟེར་ཨིན་པས།

ཁག་འབགཔ་ཚུ་ལུ་ འབད་བ་ཅིན་ འཕྲུལ་ཆས་མཁོ་སྒྲུབ་འབད་ནི་དང་ དངུལ་གྱི་དཀའ་ངལ་ ཡང་ཅིན་ གྲ་སྒྲིག་གི་ དུས་ཚོད་འབད་རུང་ རྒྱབ་སྐྱོར་མ་བཏུབ་བཏུབ་སྦེ་ འབད་དོ་ཡོདཔ་ད་ མི་སྡེ་ལུ་ དབྱེ་ཁག་བཟོ་མིའི་ཐད་ཁར་ ས་གཏེར་ལས་འཛིན་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ག་དེམ་ཅིག་ ཞུ་བ་འབད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ ཡི་གུའི་ནང་བཀོད་ནུག།

ཡི་གུའི་ནང་ ཊི་སི་ཌི་སྒེར་སྡེ་ཚད་འཛིན་གྱིས་ དངུལ་ཁང་དང་འབྲེལ་བའི་ལཱ་དང་ ངོ་སྦྱོར་ཡི་གུ་ཚུ་གི་ རྒྱབ་སྐྱོར་འབད་ནི་ཟེར་ སླབ་མི་ལུ་བརྟེན་ པདྨའི་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ འཕྲུལ་ཆས་ཚུ་ མཁོ་མངགས་འབད་ཡོདཔ་མ་ཚད་ སྔོན་བྱིན་དངུལ་ཀྲམ་ས་ཡ་༢༠ སྤྲོད་ཅི་ཟེར་བཀོད་ནུག།

ཨིན་རུང་ སྒེར་སྡེ་ཚད་འཛིན་གྱིས་ ལས་སྡེ་དེ་ལུ་དགོ་པའི་ ཡིག་ཆ་ཚུ་བྱིན་རུང་ ལས་སྡེ་གིས་ འཕྲུལ་ཆས་ཚུ་ དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགས་པའི་ཁར་ དངུལ་ཁང་དང་འབྲེལ་བའི་ ལཱ་ཚུ་ཡང་ ལེགས་ཤོམ་སྦེ་ མ་འབད་བས་ཟེར་བཀོད་ནུག།

ཡི་གུ་ནང་ ས་གཏེར་ལས་འཛིན་གྱིས་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༤ དང་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༦ ལུ་ མཁོ་འདོད་བཀོད་མི་༢ ཀྱི་ དངུལ་ཀྲམ་ས་ཡ་༦༠ ཁྱད་པར་ཐོན་མི་དེ་གིས་ ཧེ་མ་ལས་ མ་དངུལ་གྱི་ དཀའ་ངལ་ཐོན་མིའི་གུ་ ཧེང་སྐལ་དཀའ་ངལ་བཟོ་ཡི་ཟེར་ བཀོད་པའི་ཁར་ སྒེར་སྡེ་ཚད་འཛིན་གྱིས་ ཡིག་ཐོག་དང་ མི་ངོ་སྦེ་སོང་སྟེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ ས་གཏེར་ལས་འཛིན་ལུ་ དུས་ཚོད་ཕར་འགྱངས་ཀྱི་ ཞུ་བ་འབད་ཡི་ཟེར་ཨིན་པས།

རྡོ་སོལ་ཕྱིར་བཏོན་གྱི་ ལཱ་ཐོབ་མི་ ཁག་འབགཔ་དེ་གིས་ཡང་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགས་རུང་ ཁོང་ལུ་ དུས་ཚོད་ཕར་འགྱངས་ཡང་བསྐྱར་དུ་བྱིན་ནུག་ཟེར་ བཀོད་པའི་ཁར་ སྒེར་སྡེ་ཚད་འཛིན་ལུ་ ཞུ་བ་འབད་རུང་ དུས་ཚོད་ཕར་འགྱངས་མ་ཐོབ་ཟེར་བཀོད་ནུག།

སྒེར་སྡེ་ཚད་འཛིན་ལུ་ རྒེད་འོག་༤ གི་ མི་སེར་༤,༡༨༧ འབདཝ་ད་ ཁྱིམ་གུང་པ་བརྒྱ་ཆ་༩༨.༣༧ དེ་ཅིག་ བགོ་བཤའ་འཆང་མི་དང་ མ་དངུལ་ དེ་ལས་ འཛིན་སྐྱོང་ནང་ མཁས་མཆོག་ཚུ་ཡོདཔ་ལས་ སྒེར་སྡེ་ཚད་འཛིན་གྱིས་ རྡོ་སོལ་ས་ཁོངས་༢ ལས་༡ ནང་ འཕྲུལ་ཆས་གླ་ཁར་གཏང་མ་ཚུགས་པའི་ ཐེ་ཚོམ་མེད་ཟེར་བཀོད་ནུག།

ཡི་གུ་དང་འཁྲིལཝ་ད་ གནད་དོན་དེ་ལུ་ བསྐྱར་ཞིབ་འབད་ཐོག་ རྒྱབ་སྐྱོར་འབད་མི་དེ་གིས་ བགོ་བཤའ་འཆང་མི་རྐྱངམ་གཅིག་ལུ་མེན་པར་ དྲུང་ཁག་འོག་གི་ མི་སྡེ་ཚུ་ནང་ མི་སྡེ་དཔལ་འབྱོར་གྱི་ གནས་སྟངས་ཡར་དྲག་ གཏང་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཨིནམ་ད་ ས་གཏེར་ལས་འཛིན་གྱིས་ གོ་སྐབས་བྱིན་པ་ཅིན་ སྒེར་སྡེ་ཚད་འཛིན་གྱིས་ ད་ལྟོ་ཡོད་པའི་ རྡོ་སོལ་ས་ཁོངས་རྐྱངམ་གཅིག་མེན་པར་ ས་ཁོངས་གཞན་ཚུ་ནང་ཡང་ ལཱ་འབད་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ པདྨའི་འདོན་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལུ་ཡང་ ཧ་བ་རང་དང་ མཚོ་ཕང་མའི་ རྡོ་སོལ་ལཱ་གི་དོན་ལུ་ ས་གཏེར་ལས་འཛིན་ལུ་ འཕྲུལ་ཆས་གླ་ཁར་གཏང་ནི་དེ་ བསྐྱར་ཞིབ་འབད་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

ཨར་ཇུན་ཆམ་ལ་གའི་གིས་ སླབ་མིའི་ནང་ སྒེར་སྡེ་ཚད་འཛིན་གྱིས་ འཕྲུལ་ཆས་ཚུ་ བཀྲམ་སྤེལ་འབད་དགོ་པའི་སྐོར་ ནམ་ར་སླབ་རུང་ མོས་མཐུན་ཆིངས་ཡིག་ནང་ བསྒྱུར་བཅོས་འབད་དགོ་པས་ཟེར་སླབ་སྟེ་ འཕྲུལ་ཆས་ཚུ་ དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགསཔ་ལས་ ཊི་སི་ཌི་སྒེར་སྡེ་ལུ་ འཕྲུལ་ཆས་མཁོ་མངགས་འབད་མི་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་སྡེ་གིས་ ངོ་སྦྱོར་ཡི་གུ་ ཐོབ་མ་ཚུགས་པའི་ཁར་ སྒེར་སྡེ་ཚད་འཛིན་ལུ་ དུས་ཚོད་མ་ཐོབ་མ་ཚད་ དངུལ་འབྲེལ་གྱི་ལཱ་དང་ ངོ་སྦྱོར་ཡི་གུ་ཚུ་གི་ ཤེས་རྟོགས་མེདཔ་ལས་ འཕྲུལ་ཆས་ཚུ་ བསམ་གྲུབ་ཆོས་གླིང་ལུ་ ལྷོད་མ་ཚུགས་ཟེར་ཨིནམ་ད་ ལས་སྡེ་གིས་ཡང་ སྐྱིན་འགྲུལ་བཙུགས་པའི་སྐབས་ ཡིག་ཆ་ཚངམ་སྦེ་ མ་བཙུགས་པས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཡིག་ཚང་གཞི་བཙུགས་འབད་ནི་དང་ འཕྲུལ་ཆས་མཁོ་སྒྲུབ་འབད་ནིའི་དོན་ལུ་ལེན་མིའི་ སྐྱིན་ཚབ་བཏབ་ནི་ཚུ་ནང་ ཟད་འགྲོ་ལེ་ཤ་བཏང་ཡོདཔ་ལས་ ས་གཏེར་ལས་འཛིན་གྱིས་ རྡོ་སོལ་ཕྱིར་བཏོན་གྱི་ ལཱ་མ་བྱིན་པ་ཅིན་ མི་སྡེ་ལུ་ གྱོང་རྒུད་སྦོམ་ ཕོག་འོང་ཟེར་ཨིནམ་ད་ ཊི་སི་ཌི་སྒེར་སྡེ་ལུ་ སྔོན་བྱིན་སྤྲོད་ཡོད་མི་དེ་ ལོག་འཐོབ་ནི་ལུ་ཡང་ དུས་ཚོད་འགོར་འོང་ཟེར་ བཤདཔ་ཨིན་པས།

སྒེར་སྡེ་ཚད་འཛིན་གྱིས་ རྡོ་སོལ་ས་ཁོངས་༢ ཆ་རའི་ནང་ ལཱ་འབད་བ་ཅིན་ ས་བརྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་༢༧ དང་ འཁོར་ལོ་༡༠ འབད་མི་ སྣུམ་འཁོར་ཊཱག་༢༢ མཁོ་བསྒྲུ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥༠ དེ་ཅིག་ གནས་དོ་ཡོདཔ་ལས་ དངུལ་ཀྲམ་ས་ཡ་༡༢༥ སྐྱིན་འགྲུལ་ལེན་ནིའི་དོན་ལས་ ཡི་གུ་བཙུགས་ཅི་ཟེར་ ཨར་ཇུན་ཆམ་ལ་གའི་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྡོ་སོལ་ས་ཁོངས་༡ ནང་ ལཱ་འབད་ནིའི་དོན་ལུ་ འཕྲུལ་ཆས་དེ་ཅིག་ དགོཔ་མེདཔ་ལས་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ཚུགས་པའི་ཁར་ སྐྱིན་འགྲུལ་ཡང་ ལེ་ཤ་ལེན་མ་དགོ་པའི་ ཁེ་ཕན་ཡོདཔ་ལས་ ས་གཏེར་ལས་འཛིན་གྱིས་ རྡོ་སོལ་ས་ཁོངས་༡ མི་སྡེ་ལུ་ བྱིན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *