ཁ་ཙ་ ལྕགས་ཟམ་དང་ བཀྲིས་གཡང་རྩེའི་བར་ན་ གཞུང་ལམ་བསུབས་མི་དེ་ བསལ་ནིའི་དོན་ལུ་ རྡོ་རྫས་བཀལ་བའི་བསྒང་།

རྡོ་རྫས་གས་པའི་སྐབས་ བྱག་རམ་འོང་མི་ལུ་བརྟེན་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡ ལུ་ བཀྲིས་སྒང་ལྕགས་ཟམ་དང་ དོག་གསུམ་གྱི་བར་ན་ གཞུང་ལམ་བསལ་ནིའི་དོན་ལུ་ རྡོ་རྫས་གས་བའི་སྐབས་ བྱག་རམ་འོང་མི་ལུ་བརྟེན་ རམ་འཇར་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཉིན་མའི་ཆུ་ཚོད་ ཕྱེད་དང་༣ དེ་ཅིག་ཁར་ ཚེ་འདས་དང་ ཁོ་རའི་ཆ་རོགས་༣ གྲང་མེད་ཆུ་ནང་ ཉ་བཟུང་སྡོད་པའི་སྐབས་ རྐྱེན་ངན་དེ་ བྱུང་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གས་རྫས་གས་པའི་སྐབས་ ཚེ་འདས་ཕོ་སྐྱེས་དེ་ གས་རྫས་གས་སའི་གདོང་ཕྱོགས་ འཇམ་ཁར་ཁ་ཐུག་ གྲང་མེད་ཆུའི་ མཐའམ་བདའ་སྟེ་ཡོད་པའི་ རྡོ་ཅིག་གུ་ འཛེགས་སྡོད་པའི་སྐབས་ རྡོ་བུད་འོང་མི་གིས་ ཚེ་འདས་ལུ་ཕོག་སྟེ་ རྐྱེན་ངན་བྱུང་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་ ཕུངམ་དེ་ལུ་ ཚན་རིག་བརྟག་དཔྱད་འབད་བའི་སྐབས་ རྡོ་དེ་གིས་ ཚེ་འདས་ཀྱི་ ཕྱག་ལྟག་གཡས་པའི་རུ་ཏོ་ བཅགས་དཀྲུམས་བཏང་ཡོདཔ་མ་ཚད་ བྱང་ཁོག་གཡསཔ་གུ་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ ཨིན་པས།
མ་གཞི་ གནོད་རྐྱེན་གཞན་ བྱུང་ཡོད་པའི་ ཤེས་རྟོགས་མ་འབྱུང་རུང་ རྡོ་དེ་གིས་ ཚེ་འདས་རྩིབས་སྒྲོ་ སིན་ཊི་མི་ཊར་༢༥ དེ་ཅིག་ བཏོགས་བཏང་མི་དེ་གིས་ ཚེ་འདས་ཀྱི་ གློཝ་ལུ་གནོད་སྐྱོན་བྱུང་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ བཟུམ་ཅིག་འདུག་ཟེར་ཨིནམ་ད་ ཚེ་འདས་ཀྱི་ཕུངམ་དེ་ ཁོ་རའི་ ཨ་པ་ལུ་ རམ་འཇར་རྒཔོ་ ངོ་འཛོམས་ཐོག་ལས་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
གས་རྫས་ཀྱི་ལཱ་དེ་ཡང་ ལྕགས་ཟམ་ལས་ དོག་གསུམ་ཁ་ཐུག་ ཀི་ལོ་མི་ཊར་༧.༥ དེ་ཅིག་ལུ་ འཁོར་ལམ་ཁར་ ཐོགས་ལུས་མི་ རྡོ་སྦོམ་ཚུ་ དཀྲུམ་ནིའི་དོན་ལུ་ ལམ་སེལ་ལས་ཁུངས་ཀྱིས་ འབད་ཡོདཔ་ཨིན་པས།
གཞུང་ལམ་བསུབས་མི་ལུ་བརྟེན་ ཕྱོགས་གཉིས་ཆ་ར་ལས་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ཐོགས་ལུས་ཡོདཔ་བཞིན་དུ་ ཁ་ཙ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་རྐྱངམ་གཅིག་ སེལ་ཚུགས་ཡོདཔ་ཨིན་པས།
ལམ་བསུབས་མི་དེ་གིས་ འགྲུལ་པ་ ལ་ལོ་ཅིག་ བཀྲིས་སྒང་བར་མཚམས་དང་ རམ་འཇར་དོག་གསུམ་འཁོར་ལམ་བརྒྱུད་དེ་ སོང་ཡོད་རུང་ འགྲུལ་པ་མང་ཤོས་ར་ སྣུམ་འཁོར་ནང་ ཉལ་དགོཔ་བྱུང་ནུག།
མཁོ་ལོང་ཆུ་ལས་འགུལ་གྱི་ སྣུམ་འཁོར་ཊཱག་བཏང་མི་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ བར་མཚམས་དང་ རམ་འཇར་ དོག་གསུམ་གྱི་ སྐོར་ལམ་བརྒྱུད་དེ་ འགྱོ་དགོ་པ་ཅིན་ སྣུམ་འཁོར་ནང་ རྩི་ས་གི་ དོས་ཡོདཔ་ལས་ སྣུམ་འཁོར་གྱི་ མར་ཁུ་གི་ དཀའ་ངལ་ལུ་བརྟེན་ འགྱོ་མ་ཚུགས་ཟེར་ཨིན་པས།
བཀྲིས་གཡང་རྩེ་ལས་ སྐལ་བཟང་སྒྲོལ་མ་གིས་ སླབ་མིའི་ནང་ མོ་ར་ཡང་ ཆ་རོགས་གཞན་༣ དང་གཅིག་ཁར་ ཕྱི་རུའི་ལྟོ་ག་ནི་ཡང་མེད་པར་ སྣུམ་འཁོར་ནང་ སྡོད་ཅི་ཟེར་ཨིན་པས།
སྣུམ་འཁོར་ཊཱག་བཏང་མི་ཚུ་གིས་ སླབ་མིའི་ནང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འཁོར་ལམ་དེ་ མ་བསུབ་པའི་ཧེ་མ་ མི་མང་ལུ་ ཁྱབ་བསྒྲགས་འབད་བ་ཅིན་ དཀའ་ངལ་དེ་ མ་བྱུངམ་འོང་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ས་ཁོངས་བཟོ་རིག་ འགོ་དཔོན་གྱིས་ སླབ་མིའི་ནང་ མ་གཞི་ རྡོ་སེལ་ནི་ལཱ་དེ་ དུས་ཡུན་དག་པ་ཅིག་གི་ནང་འཁོད་ལུ་ བསལ་ཚར་དགོཔ་ཨིན་རུང་ གས་རྫས་ཀྱིས་ རྡོ་ག་ར་ གས་མ་ཚུགས་མི་ལུ་བརྟེན་ དུས་ཚོད་ཧ་ལམ་ འགོར་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ གས་རྫས་བཀལ་བའི་སྐབས་ མི་མང་ལུ་ ཁྱབ་བསྒྲགས་འབད་དོ་ཡོདཔ་ཨིན་རུང་ དེ་ཚེ་ ས་ཁོངས་དེ་ནང་ མི་དང་སེམས་ཅན་་ཚུ་ ག་ཡང་མེདཔ་ལས་ ཁྱབ་བསྒྲགས་མ་འབད་ཟེར་ཨིན་པས།
ཚེ་འདས་དེ་ལུ་ རྡོ་ཕོག་པའི་སྐོར་ལས་ ལམ་འགྲུལཔ་ཚུ་གིས་ སླབ་པའི་སྐབས་ལུ་མ་གཏོགས་ མ་ཤེས་ཟེར་ཨིནམ་ད་ ཨིན་རུང་ གནས་ཚུལ་དེ་ གོཝ་ཅི་ར་ ཁོ་རའི་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *