རྡོ་རྗེ་བླུགས་ཏེ་ ཨ་ལོ་དམར་བསད་འབད་མི་ ཕོ་སྐྱེས་ལུ་ དབྱེ་རིམ་༢ པའི་ཉེས་འཛུགས།

༉ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༥༣ ལང་མི་ ཕོ་སྐྱེས་ཅིག་གིས་ ཟླཝ་༡༡ ལང་མི་ ཨ་ལོ་ཅིག་གི་མགུ་ཏོ་ཁར་ མཆོད་ཆས་རྡོ་རྗེ་བླུགས་ཏེ་ དམར་བསད་འབད་མི་ལུ་བརྟེན་ དང་བླངས་རྟོག་མེད་གདོང་ཐུག་གི་གནོད་འགེལ་ དབྱེ་རིམ་གཉིས་པའི་ ཉེས་ཆེན་སྨིན་དགོ་པའི་ ཉེས་འཛུགས་ཐོག་ ཁ་ཙ་ ངང་ལམ་དྲུང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
ཉེས་བཤེར་གྱི་དོན་ལུ་བཀོད་མི་ ཉེས་འཛུགས་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ཚེ་འདས་ཨ་ལོའི་ཨ་པ་གིས་ ངང་ལམ་ཁྲོམ་ཁར་ བཀྲིས་སྒང་ཀླུ་མང་ལས་ཨིན་མི་ ཉེས་འཛུགས་ཅན་ མཆོད་རྟེན་དབང་ཕྱུག་དང་ཕྱད་དེ་ ཨ་ལོ་ན་ཡོད་མིའི་དོན་ལུ་ རིམ་གྲོ་འབད་བར་ ཁྱིམ་ནང་ཁྱིད་སོང་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ ཚེ་འདས་ཨ་ལོ་དེ་ དུག་ཐོབ་ཡོདཔ་ལས་ དུག་བཏོན་བཀོག་ནིའི་དོན་ལུ་ ཁྱིམ་ནང་ ལོ་རྟགས་རྟ་དང་འབྲུག་ གླང་ དེ་ལས་ སྦྲུལ་ལོ་པ་ཚུ་ ཡོད་པ་ཅིན་ མི་བཏུབ་ཟེར་སླབ་སྟེ་ ཕམ་༢ ཕྱི་ཁར་འགྱོ་བཅུག་ཡོདཔ་ད་ ཁོ་ར་དང་ ཨ་ལོ་དེ་ ཁྱིམ་ནང་ན་ སྡོད་ནུག་ཟེར་ བཤེར་ཡིག་ནང་བཀོད་ནུག།
དུས་ཡུན་དུམ་གྲ་ཅིག་གི་རྒྱབ་ལས་ ཁྱིམ་ནང་ལས་ ཨ་ལོ་ཤུགས་སྦེ་ སྔུ་ས་གོ་སྟེ་ ཕམ་གཉིས་ཀྱིས་ ནང་ན་འགྱོ་བལྟཝ་ད་ ཨ་ལོའི་མགུ་ཏོ་ཁར་ རྨ་སྦོམ་བཏོན་ཡོད་མི་ལས ཁྲག་འཛགས་སར་མཐོངམ་ལས་ སྨན་ཁང་ནང་ བསྐྱལ་དགོཔ་སྦེ་སླབ་རུང་ ཉེས་འཛུགས་ཅན་གྱིས་ ཨ་ལོ་ལུ་ འདྲེ་འཛུལ་ཡོདཔ་ལས་ ཕམ་གཉིས་ཡང་ ཟ་འོང་ཟེར་སླབ་སྟེ་ ཨ་ལོའི་གདོང་གུ་ རྡོ་རྗེ་གིས་ཤུགས་སྦེ་ ཚར་གསུམ་བླུགས་བྱིནམ་ད་ ཨ་ལོ་དེ་ ས་གནས་དེ་ཁ་ར་ བསད་ད་ནུག་ཟེར་བཀོད་ནུག།
བཀྲིས་སྒང་ཀླུ་མང་ལས་ཨིན་མི་ ཉེས་འཛུགས་ཅན་གྱིས་ བྱ་ཅན་འཐབ་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༡༤༡ པའི་དགོངས་དོན་དང་འཁྲིལ་ དབྱེ་རིམ་༢ པའི་ཉེས་ཆེན་ བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
ཉེས་འགེལ་ཁྲིམས་དེབ་ནང་འཁྲིལཝ་ད་ དབྱེ་རིམ་གཉིས་པའི་ ཉེས་ཆེན་ལས་བརྟེན་ ཁྲིམས་གཅོད་གྲུབ་པའི་ རྩོད་ཟླ་ཞིག་ལུ་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ ལོ་ངོ་༩ ལས་ མཐོ་ཤོས་ལོ་ངོ་༡༥ འོག་རྒྱུའི་བཙོན་ཁྲིམས་ཕོག་ནི་ཨིན་པས།
དེ་མ་ཚད་ ཉེས་འདོགས་པའི་ཧོངས་ལས་ ཉེས་འཛུགས་ཅན་གྱིས་ ཚེ་འདས་ཀྱི་ ཕམ་གཉིས་ལུ་ རྒུད་འཐུས་དངུལ་ཀྲམ་༤༥༠,༠༠༠ སྤྲོད་དགོ་པའི་ཁར་ དགེ་རྩའི་དོན་ལུ་ ཟད་འགྲོ་བཏང་ཡོད་མི་ལུ་ དངུལ་ཀྲམ་༤༢,༨༧༥ སྤྲོད་དགོ་པའི་ ཞུ་བ་ཕུལ་ནུག།
ཞིབ་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་གྱིས་ ཨ་ལོ་ལུ་ ཤི་རྐྱེན་འབྱུང་ཉེན་ཡོདཔ་ཤེས་རུང་ རྡོ་རྗེ་གིས་ ལན་ཐེངས་༡༨ དེ་ཅིག་ བླུགས་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཁོ་གིས་ དགེ་སློང་དང་ ཆོས་སྒོར་ནང་ གྲལ་གཏོགས་འབད་དེ་མེད་རུང་ མི་སྡེའི་ནང་ རིམ་གྲོ་ཨ་ཙི་རེ་ འབད་སྡོད་མི་ཅིག་ཨིན་པའི་ ར་ཁུངས་བྱུང་ནུག།
ཨིན་རུང་ བྱ་ངན་བྱུང་པའི་སྐབས་ ཁོ་གིས་ མིའི་ཚེ་སྲོག་ལུ་ གནོད་འཚེ་བཀལ་མི་དེ་ མི་སྡེའི་ནང་ ཉེན་ཁ་ཆེ་བའི་ བྱ་ངན་ཅིག་ཨིན་མས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཤེར་ཡིག་ནང་བཀོད་ནུག།
ཉེས་འཛུགས་ཅན་དེ་ ལོ་ངོ་༡༩ གི་རིང་ བསྟན་སྲུང་དམག་སྡེའི་ནང་ ཕྱག་ཞུ་སྟེ་ སྡོད་པའི་ཤུལ་ལས་ ད་རེས་ ངང་ལམ་ལུ་ འབྲུག་གོང་འཕེལ་དངུལ་ཁང་ནང་ འབྲུག་དྲག་རིམ་སྲུང་སྐྱོབ་ལས་སྡེའི་ སྲུང་རྒྱབ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *