མེདཔ་ཐལ་ཡོད་མི་ རྡོ་རོ་ན་རྒེད་འོག་ལྟེ་བའི་ལམ།

རྡོ་རོ་ན་རྒེད་འོག་ལྟེ་བའི་ལམ་ མེདཔ་ཐལ་ཡོད་པའི་དཀའ་ངལ།

༉ དར་དཀར་ནང་རྫོང་ཁག་ རྡོ་རོ་ན་རྒེད་འོག་ལྟེ་བའི་ལམ་དེ་ སྤྱི་ལོ་༢༠༡༢ ལུ་ བཟོ་སྐྲུན་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༦ ལུ་ རྩི་ནག་བཏང་ཡོད་རུང་ ད་ལྟོ་འབད་བའི་བསྒང་ལས་ ལམ་ཁག་ལེ་ཤ་ཅིག་ར་ མེདཔ་ཐལ་ཏེ་ཡོདཔ་ཨིན་པས།
རྒེད་འོག་ལྟེ་བའི་ལམ་ རིང་ཚད་ཀི་ལོ་མི་ཊར་༢༢ ཡོད་ས་ལས་ ཀི་ལོ་མི་ཊར་༡༦ རྒེད་འོག་གིས་ སྤྱི་ལོ་༢༠༡༦ ལུ་ རྩི་ནག་བཏང་ཡོད་རུང་ ཀི་ལོ་མི་ཊར་༦ པོ་དེ་ དར་དཀར་དཔལ་ལ་ དལ་བ་རི་ལམ་ནང་ ཚུད་ནི་དེ་གིས་ ཁོང་གིས་གཏང་ནི་སྦེ་ བཞག་སྟེ་འདུག།
རྡོ་རོ་ན་གི་རྒཔོ་ སུག་རཱཇ་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་གཡུར་གྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ལུ་ ཆུ་ག་ར་ ལམ་བདའ་འོང་ནི་དེ་གིས་ རྩི་ནག་ཚུ་འཕྱགས་འབག་འགྱོཝ་མས་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ལམ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ མེདཔ་ཐལ་མི་དེ་ གཅིག་ ས་སྒྲིང་སྒྲི་མེད་མི་ལུ་བརྟེན་ཏེ་ཡང་ཨིན་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ གནམ་བྱཱར་གྱི་སྐབས་ལུ་ ལམ་སྒྲིང་སྒྲི་མེད་མི་དང་ ཆུ་གཡུར་ལེགས་ཤོམ་མེད་ནི་དེ་གིས་ ཆརཔ་གི་ཆུ་ག་ར་ ལམ་བདའ་འོང་སྟེ་ ལམ་ཆད་འགྱོ་ཞིནམ་ལས་ ཟླཝ་ལས་བཅད་དེ་ སྣུམ་འཁོར་འགྲོ་འགྲུལ་འབད་མ་བཏུབ་པར་ ལུས་ནི་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རྒེད་འོག་གི་ཁ་ཐུག་ལས་ ལམ་སེལ་ལས་ཁུངས་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ ཐབས་ཤེས་ག་ཅི་རང་ བཏོན་ནི་ཨིན་ན་ཚུ་ བསྟུན་གྲོས་འབད་ནི་ཟེར་ཨིན་པས།
མ་གཞི་ ཐབས་ཤེས་ཟེར་རུང་ ད་ལྟོ་ བཟོ་སྐྲུན་འབད་དེ་ཡོད་མི་ ལམ་སྒྲིང་སྒྲི་མེད་པའི་བསྒང་ལས་ ཆུ་གཡུར་བཟོ་སྟེ་འབད་རུང་ དེ་སྒྲིང་སྒྲི་མི་འགྱོ་ནི་ཨིན་པ་ཅིན་ ས་ཆ་སྒྲིང་སྒྲི་ཡོད་པའི་ ས་གནས་གཞན་ཁར་ལས་ བཏོན་དགོཔ་འོང་ཟེར་ཨིན་པས།
རྡོ་རོ་ན་ལས་ སོ་ནམ་པ་ པདྨ་གིས་ བཤད་མིའི་ནང་ ལོ་༧ དེ་ཅིག་གི་ཧེ་མར་ རྡོ་རོ་ན་ལུ་ འགོ་དང་པ་ ལམ་བཟོ་སྐྲུན་འབད་བའི་སྐབས་ ལམ་དེ་གིས་ མི་སེར་གྱི་འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་ཡོད་རུང་ མཐའ་ཟུར་གྱི་ རྒེད་འོག་དེ་ གཞན་མི་རྒེད་འོག་ཚུ་ བཟུམ་སྦེ་ གོང་འཕེལ་འགྱོ་ནི་མས་ཟེར་ སེམས་ཁ་དགའ་བ་ཚད་མེདཔ་བྱུང་ཡི་ཟེར་ཨིན་པས།
དེ་གི་ཤུལ་ལས་ ལོ་ཕྱེད་དང་༢ དེ་ཅིག་གི་ཧེ་མར་ རྩི་ནག་བཏང་པའི་སྐབས་ ཧེང་སྐལ་ར་ སེམས་དགའ་ཡོད་རུང་ ད་ལྟོ་འབད་བའི་བསྒང་ལས་ ཆུ་གཡུར་ལེགས་ཤོམ་མེད་མི་དང་ ས་སྒྲིང་སྒྲི་མེད་མི་ལུ་བརྟེན་ ལམ་ཚུ་ག་ར་མེདཔ་ཐལ་ སྣུམ་འཁོར་འགྲོ་འགྲུལ་འབད་མ་བཏུབ་འབདཝ་ད་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
གཞུང་གིས་ མི་སེར་གྱི་དོན་ལུ་ ཟད་འགྲོ་མང་རབས་ཅིག་ བཏང་ཐོག་ལས་ སོ་ནམ་ཞིང་ལམ་བཟོ་སྐྲུན་འབད་ཚར་བའི་ཤུལ་ལུ་ མི་སེར་ལུ་ ཕན་ཐོགས་འབྱུང་མ་ཚུགས་པ་ཅིན་ བློ་ཕམ་པའི་ གཞི་ཅིག་ཨིན་མས་ཟེར་ཨིན་པས།
ཨིན་རུང་ རྒེད་འོག་དང་ གཞུང་གི་ཁ་ཐུག་ལས་ ཐབས་ལམ་ཚུ་ བཏོན་དོ་ཟེར་ སླབ་དོ་ཡོདཔ་ལས་ མ་འོངས་པའི་ནང་ སོ་ནམ་ཞིང་ལམ་དེ་གིས་ རྡོ་རོ་ནའི་མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ པདྨ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *