ནམ་ཆུ་གཡུས་ཚན་ནང་ སོ་ནམ་པ་ཚུ་གིས་ འབྱ་འཛུགས་སྐྱོང་འབད་བའི་བསྒང་།

རྡོ་རོ་ཁ་ལུ་ ཞིང་ཆུ་དང་ འཐུང་ཆུའི་དཀའ་ངལ་ཡོདཔ།

༉ ད་རེས་ནངས་པར་ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་ལུ་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཨིནམ་ལས་ ནམ་ཆུ་གཡུས་ཚན་ལས་ ཕོ་སྐྱེས་༢༠ དེ་ཅིག་གིས་ ཁྱིམ་ཚང་ཅིག་གི་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཉིམ་ནང་ལཱ་འབད་ས་མཐོངམ་ཨིན་པས།
ལྕང་ལཱ་རྐྱབ་སའི་ ཞིང་གི་ཟུར་ཁར་ཡོད་མི་ ཆུ་ཁེ་ཁོ་ལ་དང་ ཆར་ཆུ་དེ་གིས་ ལྕང་ལཱ་རྐྱབ་མི་ཚུ་ལུ་ ཆུ་ལངམ་སྦེ་ཡོདཔ་ལས་ ལྕང་ལཱ་རྐྱབ་ཚུགས་ཏེ་ཡོད་རུང་ དེ་མིན་ ནམ་ཆུ་ལས་ ཆུ་ཞིང་ནང་བཏོན་མི་ ཆུ་ལམ་དེ་ སྐམ་སྦེ་ར་ལུས་དོ་ཡོདཔ་ཨིན་པས།
སོ་ནམ་ཞིང་པ་༦༠ དེ་ཅིག་གིས་ ཞིང་ཆུའི་དོན་ལུ་ ཆུ་ཁེ་ཁོ་ལ་ལས་ ཆུ་འཐེན་དོ་ཡོདཔ་ད་ རྡོ་རོ་ཁ་ལས་ སོ་ནམ་པ་ཅིག་གིས་སླབ་མིའི་ནང་ ས་གནས་ནང་ འབྱ་གི་ཐོན་སྐྱེད་ རང་འཚོ་རང་ལྡང་མ་འགྱོ་བའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོ་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ ཆུམ་དེ་ ཁོ་ར་ལངམ་རྐྱངམ་གཅིག་ ཐོན་སྐྱེད་འབད་ཚུགས་ནི་དེ་གིས་ ཉོ་མ་དགོ་རུང་ ཕྱི་ཁར་བཙོང་ནི་ལངམ་སྦེ་ ཐོན་སྐྱེད་འབད་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཨིན་རུང་ བོ་ལི་ནཊ་ ཨ་ཅར་ཇ་གིས་ སླབ་མིའི་ནང་ ཁོ་གིས་ གཞན་གྱི་ཞིང་ནང་ཡང་ འཛུགས་སྐྱོང་འབད་ནི་དེ་གིས་ ཁོ་རའི་དོན་ལུ་ལངམ་སྦེ་ ཐོན་སྐྱེད་འབད་ཚུགས་པས་ཟེར་ཨིནམ་ད་ ཆུ་ཞིང་མང་ཤོས་ར་ གྱེན་སྦེ་ཡོདཔ་ལས་ སྤྱོད་མི་བཏུབ་པས་ཟེར་བཤདཔ་ཨིན་པས།
ནམ་ཆུ་ལས་ཨིན་མི་ མ་ནི་བྷ་དུར་རའི་གིས་འབད་བ་ཅིན་ ཐང་ནང་ཡོད་མི་ ཨ་རིང་ཚུ་བཟུམ་སྦེ་ ཐོན་སྐྱེད་རྒྱ་ཆེཝ་སྦེ་ ཐོན་མི་ཚུགས་པས་ཟེར་ཨིན་རུང་ ཆུམ་གྱི་སྤུས་ཚད་དེ་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ རྡོ་རོ་ཁའི་ མི་སེར་མང་ཤོས་ཀྱིས་ ཆུ་ཞིང་གི་ ལཱ་ཉུང་སུ་ཅིག་ལས་བརྒལ་ འབད་ནི་མེད་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཁོ་རའི་བཟའ་ཚང་གིས་ ལོ་༡ ནང་ ཆུམ་བཟའ་སྤྱོད་འབད་མི་ལས་ བརྒྱ་ཆ་༢༥ དེ་ཅིག་ ཉོ་དགོ་པས་ཟེར་ཨིན་པས།
ཨིན་རུང་ ས་གནས་ནང་གི་ སོ་ནམ་པ་མང་ཤོས་ཀྱིས་ ལྕང་ལཱ་ཚུ་ འགོ་མ་བཙུགས་པར་ཡོདཔ་ད་ སྐྱེས་ལོ་༣༧ ལང་མི་ ཟླ་བ་གིས་ སླབ་མིའི་ནང་ མོ་རའི་ཞིང་གི་དོན་ལུ་ ཆར་ཆུ་ལུ་སྒུག་སྟེ་ཡོད་ཟེར་ཨིན་པས།
མོ་གིས་ འཕྲལ་འཕྲལ་སྐབས་ མི་ཚུ་གིས་ ལྕང་ལཱ་རྐྱབ་ནི་དེ་ ཕྱིས་ནི་ཡོད་ཟེར་ བཤད་པའི་ཁར་ གཞུང་གིས་ ཧེ་མ་ཚར་ཅིག་ ཆུ་ཞིང་ཚུ་གི་དོན་ལུ་ ཆུ་དུང་བྱིན་ནི་ཟེར་ སླབ་ཡོད་མི་དེ་ བྱིན་རུང་བཏུབ་ནི་མས་ཟེར་ བཤདཔ་ཨིན་པས།
རྡོ་རོ་ཁའི་རྒཔོ་ པ་དམ་བྷ་དུར་རའི་གིས་འབད་བ་ཅིན་ རྒེད་འོག་ནང་ ཆུམ་ལང་ཚད་དེ་ བརྒྱ་ཆ་༡༠ དེ་ཅིག་ཡོདཔ་འོང་ཟེར་ཨིན་རུང་ བརྒྱ་ཆ་དེ་གིས་ ས་གནས་དེ་གི་ མི་སེར་ཚུ་ ཆུམ་གྱི་དཀའ་ངལ་ཡོད་པའི་ བརྡ་མཚོན་མེན་མི་དེ་ཡང་ མི་སེར་ཚུ་གིས་ སོ་ནམ་གྱི་ ལཱ་གཞན་ཚུ་ཡང་ འབད་ནི་ཡོད་ཟེར་ཨིན་པས།
ཆུ་དུང་སྐོར་ལས་ རྒཔོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ནང་ ཆུ་ཞིང་ལམ་ལེ་ཤ་ཡོད་ཟེར་ཨིནམ་ད་ དེ་ཡང་ དམ་ཕུ་ཅན་དང་ རྡོ་སྒར་ དེ་ལས་ སོམ་ལ་ཅན་སྟོད་དང་སྨད་ལུ་ ཆུ་ཞིང་ཚུ་གི་ ཞིང་ཆུའི་དོན་ལུ་ གཡུར་བ་བཟོ་སྟེ་ཡོད་ཟེར་ཨིན་པས།
རྒཔོ་གིས་ ས་ཁོངས་ནང་ ཆུ་ལངམ་མེད་པའི་ དཀའ་ངལ་ཡོད་པའི་ཁར་ ད་ལྟོ་ཡོད་མི་ ཞིང་ཆུ་དེ་ ཀི་ལོ་མི་ཊར་༡༠ དེ་ཅིག་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ ཞིང་ཆུ་གསརཔ་བཏོན་ནིའི་་དོན་ལུ་ གྲོས་འཆར་ག་ནི་ཡང་ བཙུགས་ཏེ་མེད་ཟེར་ བཤདཔ་ཨིན་རུང་ ཧེ་མ་ལས་ཡོད་མི་ཚུ་ ཉམས་བཅོས་འབད་འོང་ཟེར་ཨིན་པས།
གདུང་སྟོད་རྒེད་འོག་ལུ་ཡོད་མི་ སོ་ནམ་པ་ཚུ་གིས་ཡང་ དུས་ཚོད་དང་འཁྲིལ་ ས་གནས་ཀྱི་ ཞིང་ཆུ་ཚུ་ ལག་ལེན་འཐབ་ནི་ཡོད་ཟེར་ རྒཔོ་ཌམ་བར་སིང་རའི་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གིས་ འཆར་གཞི་༡༡ པའི་ནང་ ཞིང་ཆུའི་དོན་ལུ་ གྲོས་འདེབས་བཙུགས་ཡོད་མི་དེ་ ཆ་འཇོག་འབད་མ་ཚུགས་ཟེར་ཨིནམ་ད་ མི་སེར་ཚུ་ ད་ལྟོ་ཡང་ ཞིང་ཆུའི་རེ་བ་ཡོདཔ་ལས་ འཐོབ་ཚུགས་པ་ཅིན་ ཁྱིམ་གུང་༢༠༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
ཞིང་ཆུའི་དོན་ལུ་ ཟད་འགྲོ་སྦོམ་གཏང་དགོཔ་ལས་ འཆར་གཞི་༡༢ པའི་ནང་ཡང་ གྲོས་འདེབས་སྦེ་ ཚུད་མ་ཚུགས་ཟེར་ རྒཔོ་གིས་ བཤད་པའི་ཁར་ ཞིང་ཆུ་ཡོད་པ་ཅིན་ ཨ་རིང་དང་ གནམ་དགུན་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་ཡང་ རྒེད་འོག་དེ་ནང་ ཆུམ་གྱི་ལང་ཚད་ཀྱི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ རྫོང་ཁག་སོ་ནམ་འགོ་དཔོན་འོགམ་ ཀུན་བཟང་ཆོས་འཕེལ་གྱིས་ སླབ་མིའི་ནང་ བསམ་རྩེ་ལུ་ འཆར་གཞི་༡༡ པའི་ནང་ རྒེད་འོག་༡༥ འི་དོན་ལུ་ ཞིང་ཆུ་གསརཔ་༡༨ བཏོན་ཡོད་མི་གིས་ ཀི་ལོ་མི་ཊར་༦༤.༤ ཁྱབ་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་ནང་ ད་ལྟོ་ ཞིང་ཆུ་༡༩ བཏོན་ཡོད་ས་ལས་ ཀི་ལོ་མི་ཊར་༥༤.༦ ལུ་ ཉམས་བཅོས་འབད་ཚར་ཏེ་ཡོད་ཟེར་ཨིན་པས།

འཐུང་ཆུའི་དཀའ་ངལ།

གདུང་སྟོད་ལུ་ ཁྱིམ་གུང་༦༠ ཡོད་མི་ཚུ་གིས་ ཧེ་མ་ལས་ འཐུང་ཆུ་བཀྲམ་སྤེལ་འབད་ཡོད་མི་ལས་ བགོ་བཤའ་རྐྱབ་སྟེ་ འཐུང་དོ་ཟེར་ རྒཔོ་ཌམ་བར་སིང་རའི་གིས་ བཤད་པའི་ཁར་ མི་ཚུ་གིས་ རང་སོའི་ཕམ་ཚུ་ལས་ ས་སྐལ་བ་བགོ་བཤའ་ ཐོབ་པའི་ཤུལ་ལས་ ཁྱིམ་གསརཔ་རྐྱབ་མི་ལེ་ཤ་ཡོད་རུང་ དཀའ་ངལ་དེ་ཅིག་མེད་ཟེར་ བཤདཔ་ཨིན་པས།
སང་ལུང་དང་ སེང་སྟེང་སྤྱི་འོག་ནང་འབད་བ་ཅིན་ ཆུའི་དཀའ་ངལ་ཡོད་མི་དེ་ཡང་ གནམ་དགུན་ལུ་ ཆུ་རྐ་སྐམ་འགྱོ་ནི་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
དེ་གི་ནང་ལས་ཡང་ སེངྒེ་གཡུས་ཚན་དེ་ ས་ཆ་སྤོ་ཏོག་ཅིག་གུ་ ཆགས་ཡོད་ནི་དེ་གིས་ ཆུའི་དཀའ་ངལ་དེ་ ཚབས་ཆེན་སྦེ་ར་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་ ཆུ་འཐེན་འཕྲུལ་ཆས་བཙུགས་པ་ཅིན་རྐྱངམ་གཅིག་ སེལ་ཚུགས་ནི་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ འཐུང་ཆུ་ཁྱབ་ཚད་ཀྱི་ བརྒྱ་ཆ་༩༨ ཡོད་པའི་ཁར་ རྫོང་ཁག་བཟོ་རིག་འགོ་དཔོན་ དམ་ཆོས་ཀྱིས་ སླབ་མིའི་ནང་ རྫོང་ཁག་དེ་ནང་ འཐུང་ཆུའི་དཀའ་ངལ་དེ་ཅིག་མེད་ཟེར་ཨིན་རུང་ འཛིན་སྐྱོང་འབད་ནི་དེ་ དཀའ་ངལ་ཡོད་ཟེར་ཨིན་པས།
དམ་ཆོས་ཀྱིས་འབད་བ་ཅིན་ མི་ཚུ་གི་དོན་ལུ་ འཐུང་ཆུའི་ཆུ་ཏོག་ ལངམ་སྦེ་ཡོད་རུང་ ལ་ལོ་སྤྱོད་མ་བཏུབ་ཐལ་ཏེ་ཡོདཔ་ལས་ དེ་ཚུ་ ཉམས་བཅོས་འབད་ནིའི་དོན་ལུ་ མ་དངུལ་བྱིན་ཏེ་ཡོད་ཟེར་ཨིནམ་ད་ བསམ་རྩེ་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ བསྟན་འཛིན་གྲགས་པ་གིས་ སླབ་མིའི་ནང་ ཁྲོམ་ཁར་ཆུའི་ཁྱབ་ཚད་བརྒྱ་ཆ་བརྒྱ་སྦེ་ར་ཡོད་རུང་ ཁྲོམ་སྡེའི་ཆུ་བཀྲམ་སྤེལ་འབད་མི་ལས་ དུས་རྒྱུན་དུ་ མི་འཐོབ་ཟེར་ཨིན་པས།
ང་བཅས་ཀྱིས་ ཉིནམ་ཅིག་ནང་ ཚར་གསུམ་རེ་ བཀྲམ་སྤེལ་འབད་ནི་ཡོད་ཟེར་ ཁོ་གིས་ བཤད་ཡོདཔ་ད་ ཁྲོམ་ཁར་སྡོད་མི་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁར་ཆུའི་དཀའ་ངལ་མེད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *