སོ་ནམ་ཞིང་ལམ།

རྡོ་བྱང་ཕྱད་ཀྱི་ མི་སེར་ཚུ་ སོ་ནམ་ཞིང་ལམ་སེལ་ནི་ལུ་ སྒུག་བཞིན་དུ་ཡོདཔ།

༉ དར་ལ་རྒེད་འོག་གི་ རྡོ་བྱང་ཕྱད་སོ་ནམ་ཞིང་ལམ་དེ་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ སེལ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཞིང་ལམ་ཀི་ལོ་མི་ཊར་༡༠ སེལ་དགོ་ནི་ཨིན་མི་ལས་ ད་ཚུན་ ཀི་ལོ་མི་ཊར་༡.༥ དེ་ཅིག་ལས་བརྒལ་ སེལ་མ་ཚུགསཔ་ལས་ ཁྱིམ་གུང་པ་༥༦ དེ་ཅིག་ཡོད་ས་ལས་ ཁྱིམ་གུང་པ་དག་པ་ཅིག་ལུ་རྐྱངམ་གཅིག་ སོ་ནམ་ཞིང་ལམ་གྱིས་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
རྡོ་བྱང་ཕྱད་ལས་ཨིན་མི་ བཱུ་དི་མཱན་ སུ་ནར་གྱིས་ བཤད་མིའི་ནང་ གཡུས་ཚན་དེ་གི་དོན་ལུ་ དཀའ་ངལ་སྦོམ་ཤོས་ར་ སོ་ནམ་ཞིང་ལམ་མེད་མི་དེ་ཨིནམ་ལས་ ད་རེས་ནངས་པར་ཡང་ མི་ཚུ་གིས་ ཅ་ཆས་ཚུ་འབག་སྟེ་ར་ འགྱོ་དགོ་པས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སོ་ནམ་ཞིང་ལམ་སེལ་ནིའི་ལཱ་ཚུ་ འགོ་འདྲེན་འཐབ་སྟེ་ཡོད་རུང་ བཟོ་སྐྲུན་དེ་གིས་ གཡུས་ཚན་ཚུན་ ལྷོད་མ་ཚུགས་པར་ཡོདཔ་ལས་ ད་ལྟོའི་ ཞིང་ལམ་དེ་གིས་ གཡུས་ཚན་དེ་ནང་ཡོད་མི་ སློབ་གྲྭ་ཆུང་བ་ཚུན་ར་ ལྷོད་མ་ཚུགས་པར་འདུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ གཡུས་མི་ཚུ་གིས་ གནད་དོན་དེའི་སྐོར་ལས་ རྒེད་འོག་ལུ་ སྙན་ཞུ་འབད་དེ་ཡོད་རུང་ ག་ནི་ཡང་ འབད་ནི་མིན་འདུག་ཟེར་ཨིནམ་ད་ ད་ལྟོ་ སྣུམ་འཁོར་ཚུ་ སྐལ་ཟར་རི་ཚུན་ ཐལ་ཚུགས་དོ་ཡོདཔ་ལས་ ས་ཁོངས་དེ་ནང་ལས་ འགོ་བཙུགས་ཏེ་ མི་སེར་ཚུ་གིས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ལམ་འགྱོ་དགོ་པས་ཟེར་ཨིན་པས།
སྐལ་ཟར་རི་ཚོགས་པ་ ཟླ་བ་ཚེ་རིང་གིས་ བཤད་མིའི་ནང་ མི་ཚུ་ལམ་འགྱོ་ནི་ལུ་ གོམས་གཤིས་ཚུད་ཡོད་རུང་ དོ་ཀེ་ཇི་༥༠ དེ་ཅིག་ འབག་སྐྱེལ་ནི་ལུ་ གླ་ཆ་དངུལ་ཀྲམ་༣༠༠ དེ་རེ་ སླབ་མས་ཟེར་ཨིན་པས།
ཚོགས་པ་གིས་ བཤད་འི་ནང་ རྡོ་བྱང་ཕྱད་ལུ་ ཚལ་ལུ་ལེགས་ཤོམ་སྦེ་ མི་བཏགས་དོ་ཡོདཔ་ལས་ མི་སེར་དག་པ་ཅིག་གིས་ དོག་མ་ཤིང་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཏེ་ཡོད་རུང་ སོ་ནམ་ཞིང་ལམ་མེད་མི་ལུ་བརྟེན་ མི་སེར་ཚུ་གིས་ དོ་འབག་དགོཔ་ལས་ དེ་བཟུམ་མའི་ལཱ་འབད་ནི་ལུ་ཡང་ སེམས་ཤུགས་ཉམས་བཅུག་དོ་ཡོདཔ་ད་ ཞིང་ལམ་ལྷོད་པ་ཅིན་ དཀའ་ངལ་དེ་ སེལ་ཚུགས་ནི་མས་ཟེར་ཨིན་པས།
ཨིན་རུང་ ཞིང་ལམ་དེའི་དོན་ལུ་ སྤྱི་ཚོགས་ཀྱི་འཐུས་མི་གིས་ གྲོགས་རམ་ཐོག་ལས་ འདེམས་ཁོངས་དེ་ནང་ལས་ དངུལ་ཀྲམ་ས་ཡ་༡ ལམ་སེལ་ནིའི་དོན་ལུ་ འཚོལ་ཞིབ་འབད་དེ་ཡོདཔ་ད་ ལམ་སེལ་གྱི་ ཞིབ་འཚོལ་འབད་མི་དེ་ཡང་ ཆ་འཇོག་འབད་དེ་ཡོད་ཟེར་ ཟླ་བ་ཚེ་རིང་གིས་ བཤད་ཅི།
དེ་འབདཝ་ལས་ བདུན་ཕྲག་༢ དེ་ཅིག་གི་ཤུལ་ལས་ ལམ་སེལ་ནིའི་ལཱ་ཚུ་ འགོ་བཙུགས་འོང་ཟེར་ ཚོགས་པ་གིས་ བཤད་པའི་ཁར་ སོ་ནམ་ཞིང་ལམ་གྱི་ རིང་ཚད་དེ་ཡང་ ཀི་ལོ་མི་ཊར་༡༢ ལུ་ ཡར་སེང་འབད་ཡོད་རུང་ དངུལ་ཀྲམ་ས་ཡ་༡ ལང་མི་ཚུགས་ནི་ཨིན་པས།
ཟླ་བ་ཚེ་རིང་གིས་ བཤད་མིའི་ནང་ ལམ་ཡོངས་རྫོགས་སྦེ་ སེལ་ཚར་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༨ དེ་ཅིག་ དགོ་ནི་ཨིནམ་ལས་ དེ་གི་དོན་ལུ་ འཆར་གཞི་༡༢ པའི་ནང་ གྲོས་འཆར་སྦེ་ བཙུགས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *