ཇོ་མོ་གཙང་ཁ་-མར་ཚ་ལའི་འཐུས་མི་ ནོར་བུ་དབང་འཛོམས།

རྡོ་བཏོན་གྱི་ གོང་ཚད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་མེདཔ།

༉ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དང་ མར་ཚ་ལའི་ ས་ཁོངས་ནང་ལས་ རྡོ་བཏོན་ནིའི་ལཱ་དེ་ གོང་ཚད་འགྲན་བསྡུར་ཐོག་ལས་ སྤྲོད་ནི་འབདཝ་ད་ བཅའ་མར་གཏོགས་མི་ མིན་འདུག་ཟེར་ རྒྱལ་ཡོངས་ཚོགས་འདུའི་ནང་ཞུ་ཡི།
དེ་ཡང་ ཇོ་མོ་གཙང་ཁ་-མར་ཚ་ལའི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ ཆུའི་གཤམ་ལས་ རྡོ་བཏོན་ནིའི་ལས་འགུས་དེ་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ མི་སྡེ་ལུ་ གནང་དགོ་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ སོ་ནམ་བློན་པོ་གིས་ཞུ་ཡི།
འཐུས་མི་ནོར་བུ་དབང་འཛོམས་ཀྱིས་ ཞུ་མིའི་ནང་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ རྒེད་འོག་༤ གི་ མི་སེར་ཚུ་གིས་ རྡོ་སོལ་བཏོན་ནིའི་ལཱ་ནང་ འཕྲུལ་ཆས་བཙུགས་ནི་དེ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ མི་སེར་ལུ་བྱིན་ནིའི་ ཁ་བཟེད་ཡོད་མི་དང་འཁྲིལ་ ཁྲིམས་མཐུན་གྱི་ཚོགས་པ་ཅིག་ གཞི་བཙུགས་འབད་དེ་ བགོ་བཤའི་མ་དངུལ་ཚུ་ཡང་ བསྡུ་ལེན་འབད་ནུག་ཟེར་ཨིན་པས།
མོ་གིས་ ཞུ་མིའི་ནང་ ད་རེས་ བགོ་བཤའ་འཆང་མི་༤,༡༠༠ ལྷགཔ་ཅིག་དང་ མ་དངུལ་ དངུལ་ཀྲམ་ས་ཡ་༣༠ ལྷགཔ་ཅིག་ བསྡུ་ལེན་འབད་ཡོད་རུང་ སྟབས་མ་བདེཝ་ལེ་ཤ་ཐོན་ནི་དེ་གིས་ ལཱ་དེ་ འཐོབ་མ་ཚུགསཔ་ལས་ མི་སེར་ཚུ་གི་ འཐུས་མི་དག་པ་ཅིག་གིས་ བློན་ཆེན་འབད་སར་ བཅར་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བློན་ཆེན་གྱིས་ཡང་ ལཱ་དེ་ མི་སེར་ལུ་བྱིན་ནི་སྦེ་ རྩ་འགེངས་རུང་ རྒྱལ་ཁམས་ས་གཏེར་ལས་འཛིན་དེ་ གཞུང་གི་འོག་ལུ་མེན་ནི་དེ་གིས་ སྟབས་མ་བདེཝ་ལས་ རྡོ་བཏོན་ནིའི་ སྤྲོ་བ་ཡོད་པ་ཅིན་ གཞུང་གིས་ རྒྱབ་སྐྱོར་འབད་ནི་སྦེ་ གསུངས་ནུག་ཟེར་ཨིན་པས།
མི་སེར་ཚུ་གིས་ ཇོ་མོ་གཙང་ཁ་དང་ བསམ་རང་བར་ནའི་ ཆུའི་གཤམ་ཚུ་ལས་ རྡོ་བཏོན་ནིའི་ ལས་འགུལ་བརྩམས་ཏེ་ གཞུང་ལུ་ ཕུལ་ཡོདཔ་བཞིན་དུ་ ཟླཝ་༨ དེ་ཅིག་གི་ཤུལ་ལས་ ཆུའི་གཤམ་ལས་ རྡོ་བཏོན་ནི་དང་ ཇོ་མོ་གཙང་ཁ་ལས་ ཚོང་ལམ་མིན་འདུག་ཟེར་ ལཱ་དེ་ བྱིན་ཐབས་མེད་པའི་སྐོར་ལས་ གསུངས་ཡོདཔ་ད་ གནང་ནི་དང་ གནང་མི་ཚུགས་ཟེར་༢ ཆ་ར་ གསུངས་མི་ གཞུང་ཨིནམ་ལས་ ཧ་གོ་མི་ཚུགས་པས་ཟེར་ འཐུས་མི་གིས་ཞུ་ཡི།
ནོར་བུ་དབང་འཛོམས་ཀྱིས་ ཞུ་མིའི་ནང་ སོ་ནམ་བློན་པོ་གིས་ ལཱ་དེ་ མི་སེར་གྱི་དོན་ལུ་ཨིན་ཟེར་ ཉོགས་མེད་ཡི་གུ་འབག་ཤོག་ཟེར་ སླབ་མི་དང་འཁྲིལ་ ཉོགས་མེད་ཡི་གུ་བྱིན་ཏེ་ དུས་ཡུན་ལེ་ཤ་ལང་རུང་ ལན་གསལ་ག་ནི་ཡང་མེདཔ་ལས་ མི་སེར་ཚུ་གི་ མཐའ་དོན་ལུ་གཟུགས་ཏེ་ ལཱ་དེ་ གནང་ཐབས་ཡོད་མེད་ ཚོགས་དམངས་ལུ་ ཞུ་གནང་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ མི་སེར་ཚུ་ལས་ མ་དངུལ་བསྡུ་ལེན་འབད་དེ་ སྟབས་མ་བདེཝ་ཐོན་མི་དེ་ རྡོ་བཏོན་ནིའི་དོན་ལུ་མེན་པར་ རྡོ་སོལ་བཏོན་ནི་དེ་ ཨིནམ་བཞིན་དུ་ དེའི་དཀའ་ངལ་སེལ་ཐབས་ལུ་ མི་སེར་ཚུ་གིས་ བློན་ཆེན་ཡིག་ཚང་ནང་ བཅར་ནུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ བློན་ཆེན་གྱིས་ བཀའ་གནང་མི་དང་འཁྲིལ་ མི་སེར་ཚུ་གིས་ ངོས་འཛིན་འབད་མི་ ས་ཁོངས་༤ དེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་འོག་གི་ ནགས་ཚལ་དང་ རི་དྭགས་སྲུང་སྐྱོབ་ལས་ཁུངས་ཀྱིས་ བརྟག་ཞིབ་འབདཝ་ད་ ས་ཁོངས་༢ དེ་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ ཚུད་ཡོདཔ་ལས་ ས་ཁོངས་༤ ལས་༢ བྱིན་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུའི་གཤམ་ལས་ རྡོ་བཏོན་ཞིནམ་ལས་ ཚོང་བསྒྱུར་འཐབ་ནི་དེ་ རྩིབ་ཞིབ་དབང་འཛིན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དྭངས་གསལ་མིན་འདུག་ཟེར་ ལྷན་ཁག་ལུ་ ལོག་ཅི་ར་ དྲི་བཀོད་དང་ དབྱེ་ཞིབ་ཚུ་འབད་ཡི་ཟེར་ཨིན་པས།
དེ་ལས་ ལྷན་ཁག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ གནང་བ་ཞུ་བའི་སྐབས་ ཧེ་མ་ལས་ ལཱ་སྤྲོད་ཡོད་མི་ཚུ་ལུ་ གཞི་རྟེན་གོང་ཚད་ཅིག་ བཟོ་ཞིནམ་ལས་ སྤྱི་ལོ་༢༠༢༣ ཟླ་༡༢ པ་ཚུན་ ལོ་༣ གྱི་རིང་ བྱིན་ནི་དང་ ས་ཁོངས་གསརཔ་ཨིན་པ་ཅིན་ གོང་ཚད་འགྲན་བསྡུར་ཐོག་ སྤྲོད་དགོ་པའི་ བཀའ་རྒྱ་ཡོདཔ་ལས་ ལྷན་ཁག་གིས་ཡང་ དེ་དང་འཁྲིལ་ ཕྱག་ཞུ་ཡི་ཟེར་ བློན་པོ་གིས་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ཇོ་མོ་གཙང་ཁ་དང་ མར་ཚ་ལའི་ ས་ཁོངས་ཀྱི་ཐད་ཁར་ གོང་ཚད་འགྲན་བསྡུར་ཐོག་ འབད་ནི་ཟེརཝ་ད་ ད་ལྟོ་ ཚོང་འབྲེལ་གྱི་ ལམ་མེདཔ་ལས་ ཕྱིར་ཚོང་འཐབ་ནིའི་ སྟབས་བདེ་སྒྲིག་མེད་མི་ལུ་བརྟེན་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ར་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ མི་སྡེ་ལུ་ ས་ཁོངས་༢ བྱིན་ནིའི་ ཐབས་ལམ་སྒྲིག་རུང་ ཚོང་འབྲེལ་འཐབ་ནིའི་ ཐབས་ལམ་མེདཔ་ལས་ ཐད་ཁར་དུ་ ཁོང་ལུ་ སྤྲོད་མ་ཚུགས་པའི་ གནས་སྟངས་ནང་ ལུས་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་ཚུ་ གྲོས་བསྟུན་ཐོག་ བསལ་ཐབས་འབད་ནི་མ་གཏོགས་ ས་ཁོངས་སྤྲོད་རུང་ འོང་འབབ་བཟོ་ནིའི་ གོ་སྐབས་དེ་ཅིག་མེདཔ་ལས་ གནས་སྟངས་དང་འཁྲིལ་ ཕྱག་ཞུ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *