རྡོ་ཕུག་ཅན་གྱི་ དཱ་ར་ཁྲོམ་ཁར་ བཤལ་འཁྱམས་སྡོད་མི་ རྟ་དེ་ཚུ།

རྡོ་ཕུག་ཅན་ལུ་ རྟ་དྲེལ་ཚུ་ལས་ སྣུམ་འཁོར་བོ་ལི་རོ་ཚུ་ལུ་སོར་བསྒྱུར།

༉ འདས་པའི་ལོ་ཚུ་ནང་ བསམ་རྩེ་རྫོང་ཁག་ རྡོ་ཕུག་ཅན་ལུ་ འཁོར་ལམ་དང་ སོ་ནམ་ཞིང་ལམ་ དེ་ལས་ འཁོར་ལམ་རྩི་ནག་བཏང་མི་ལ་སོགས་པ་ གོང་འཕེལ་མགྱོགས་དྲགས་སྦེ་ འགྱོ་ས་མཐོངམ་ཨིན་རུང་ ས་གནས་དེ་ནང་ སྣུམ་འཁོར་བོ་ལི་རོ་དང་ རྟ་ཚུ་ མཐོང་གསལ་བྱུངམ་ཨིན་པས།
རྟ་ཚུ་ ས་གནས་དེ་ནང་ སྐྱེལ་འདྲེན་གྱི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་མི་དེ་ཡང་ རྡོ་ཕུག་ཅན་དང་ གདུང་སྟོད་ ལྡན་ཆུ་ཁ་ དེ་ལས་ ཧཱ་རྫོང་ཁག་གི་མི་ཚུ་ བསམ་རྩེ་ལུ་ འགྱོ་བའི་སྐབས་ ཞག་ལས་བཅད་དེ་ ལམ་འགྱོ་དགོཔ་ལས་ རྟ་དྲེལ་ཚུ་ ཁག་ཆེ་བའི་མཐུན་རྐྱེན་ཚུ་ འབག་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཡོདཔ་ཨིན་པས།
ཚལ་ལུ་དེ་ ས་གནས་དེ་ཚུ་ནང་ལས་ བསམ་རྩེ་ལུ་ སྐྱེལ་འདྲེན་འབད་མི་དེ་ མཐོ་ཤོས་ཨིནམ་ད་ མི་ཚུ་གིས་ བསམ་རྩེ་ལུ་ ལྷོད་ནིའི་དོན་ལུ་ དམ་དུམ་གཙང་ཆུ་ཐེངས་༢༠ ལྷགཔ་ཅིག་ བརྒལ་དགོ་པའི་ཁར་ ཞག་ཡང་ཚལ་མ་ནང་ལས་ཕར་ བྱག་ག་ཏེ་ཡོད་སར་སྡོད་དེ་ ཚལ་ལུ་བཙོང་མི་ལས་ཐོབ་མི་ ཏི་རུ་གིས་ རྒྱགས་སྐལ་ཚུ་ ཉོ་འབག་འགྱོ་ནི་ཡོདཔ་ཨིན་པས།
དེ་ཚུ་ག་ར་ རྒྱལ་རབས་ལུ་ འགྱུར་དོ་ཡོད་པའི་ཁར་ རྟ་དྲེལ་ཚུ་ཡང་ ད་རེས་ནངས་པར་ དེ་ཅིག་ མཐོང་ནི་མེདཔ་ཨིན་པས།
རྡོ་ཕུག་ཅན་ལུ་ རྟ་བཞི་ལཱ་བཀོལ་མི་མེདཔ་ལས་ ཨ་རྟག་ར་ དཱ་ར་ཁྲོམ་ཁར་ལས་ཕར་ འཁྱམས་སྡོད་ས་མཐོང་མི་དེ་ཡང་ ཇོ་བདག་ཚུ་གིས་ ལཱ་འབད་དགོཔ་མེདཔ་ལས་ དེ་སྦེ་ར་ བཏང་བཞག་ནི་དེ་གིས་ཨིན་པས།
རྟ་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་དེ་ ཧེ་མར་ རྡོ་ཕུག་ཅན་དྲུང་ཁག་གི་དོན་ལུ་ སྐྱེལ་འདྲེན་གྱི་ སྣུམ་འཁོར་བཟུམ་སྦེ་ ལཱ་འབད་ཡོད་རུང་ ས་གནས་ནང་ཡོད་མི་ ཚོང་པ་ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ རྟ་ཚུ་ མི་ཚུ་གིས་ ས་ཁོངས་ཅིག་ལས་གཅིག་ནང་ བདའ་གཏང་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བསྲོ་བའི་སྐབས་ རྟ་ཚུ་ ཁྲོམ་ཁར་ ངལ་འཚོ་སྡོད་ནིའི་དོན་ལུ་ འོང་ནི་འདུག་ཟེར་ཨིནམ་ད་ རྟ་ཚུ་ཁྲོམ་ཁར་ལྷོད་དེ་ ཟླཝ་༡ དེ་ཅིག་ ལང་ཡོདཔ་ཨིན་པས།
ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ རྟ་༤ པོ་དེ་ འབྱ་འཛུགས་སྐྱོང་གི་ དུས་ཚོད་ཁར་ གནོདཔ་བཀལ་ནི་དེ་གིས་ མི་ཚུ་གིས་བདའ་གཏང་ནི་ཡོད་ཟེར་ཨིནམ་ད་ ཁོ་ལུ་ཡང་ ཧེ་མ་ རྟ་ཡོད་མི་ཚུ་ འཁོར་ལམ་ལྷོད་པའི་ཤུལ་ལས་ ལཱ་ག་ནི་ཡང་མེདཔ་ལས་ བཙོང་བཏང་ཡི་ཟེར་ཨིན་པས།
ཁོ་གིས་ ས་གནས་དེ་ནང་ རྟ་གི་ཚབ་ལུ་ སྣུམ་འཁོར་བོ་ལི་རོ་ཚུ་ ས་གནས་ག་ཏེ་ལུ་ཡང་ ལྷོད་དེ་ཡོདཔ་ལས་ དེ་གིས་ གོང་འཕེལ་འགྱོ་བའི་ རྟགས་མཚན་སྟོནམ་མས་ཟེར་ བཤདཔ་ཨིན་པས།
ཨིན་རུང་ སྣུམ་འཁོར་བོ་ལི་རོ་དང་ཕྱདཔ་ད་ ཁེ་སང་བཟོ་ནི་དེ་ རྟ་ཚུ་ ལག་ལེན་འཐབ་པའི་སྐབས་ དྲག་དོ་བཟུམ་སྦེ་ ཚོར་སྣང་བྱུང་མི་དེ་ཡང་ ད་རེས་ སྣུམ་འཁོར་ལེ་ཤ་ཡོདཔ་ལས་ ལ་ལོ་ལཱ་མ་ཐོབ་པར་འདུག་ཟེར་ ཤེས་རབ་རྡོ་རྗེ་གིས་ བཤདཔ་ཨིན་པས།
ས་གནས་དེ་ནང་སྡོད་མི་ ཨོ་རྒྱན་ཚེ་རིང་གིས་ སླབ་མིའི་ནང་ ཧཱ་ལས་ཨིན་མི་ མི་སེར་དག་པ་ཅིག་གིས་ ད་ལྟོ་ཡང་ རྟ་ཚུ་ལག་ལེན་འཐབ་ནི་འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༣ ལས་ རྡོ་ཕུག་ཅན་ལུ་ རྟའི་གྱངས་ཁ་དེ་ རྒྱ་ཆེ་དྲགས་སྦེ་ མར་བབས་སོང་ཡི་ཟེར་ བཤདཔ་ཨིན་པས།
ཨོ་རྒྱན་ཚེ་རིང་གིས་འབད་བ་ཅིན་ ཁོ་ལུ་ རྟ་༡༦ ཡོད་མི་ཚུ་ག་ར་ གསང་སྦས་ཁའི་ མི་སེར་ཚུ་ལུ་ བཙོང་ཡོདཔ་མ་ཚད་ རྟ་མང་ཤོས་ར་ སྤ་རོའི་ས་གནས་ བཙན་ཏོག་དང་ ཤར་རི་ དེ་ལས་ ལ་ཡ་དང་ ལུང་ནག་ནང་ལུ་ བཙོང་ཡི་ཟེར་ཨིན་པས།
ད་རེས་ རྡོ་ཕུག་ཅན་རྐྱངམ་གཅིག་ནང་ སྣུམ་འཁོར་བོ་ལི་རོ་༩༠ དེ་ཅིག་ཡོད་ཟེར་ རྒཔོ་པ་དམ་བྷ་དུར་རའི་གིས་ བཤད་པའི་ཁར་ གཡུས་ཚན་ཚུ་ག་ར་ སོ་ནམ་ཞིང་ལམ་གྱིས་ མཐུད་སྦྲེལ་འབད་ཡོདཔ་ལས་ རྟ་ཚུ་ དགོ་མཁོས་མེདཔ་ ཐལ་ཡོད་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༩ ལུ་ བསམ་རྩེ་དང་ རྡོ་ཕུག་ཅན་གྱི་བར་ན་ འཁོར་ལམ་མ་སེལ་བའི་ཧེ་མར་ ཚལ་ལུ་ཚུ་ག་ར་ བསམ་རྩེ་ཚུན་ རྟ་གུ་བཀལ་ཏེ་ འབག་དགོ་ཟེར་ཨིན་པས།
མི་ཚུ་གིས་ ཁོང་རའི་ རྒྱགས་སྐལ་ཚུ་ཉོ་སྟེ་ ཞག་བཞི་དང་ལྔའི་བར་ན་ ལོག་འགྱོ་ནི་ཡོད་རུང་ ད་རེས་ རྡོ་ཕུག་ཅན་གྱི་ས་གནས་བརྒྱ་ཆ་༩༠ དེ་ཅིག་ ཞིང་ལམ་གྱིས་མཐུད་སྦྲེལ་འབད་དེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
སོ་ནམ་ཞིང་ལམ་མ་ལྷོད་མི་ གཡུས་ཚན་གཞན་ཚུ་ནང་ཡང་ འཆར་གཞི་༡༢ པའི་ནང་ མཐུད་སྦྲེལ་འབད་འོང་ཟེར་ཨིནམ་ད་ ལཱ་གི་དོན་ལུ་ འཆར་དངུལ་ཡང་ འཆར་གཞི་དང་འཁྲིལ་ གྲོས་འདེབས་བཀོད་དེ་ཡོད་ཟེར་ཨིན་པས།
རྒཔོ་གིས་ བཤད་མིའི་ནང་ བསམ་རྩེ་དང་ ཧཱ་གི་གཞུང་ལམ་ཡང་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ ད་རེས་ གདུང་སྟོད་དང་ ལྡན་ཆུ་ཁ་ལུ་ ལྷོད་ཡོདཔ་ད་ གདུང་སྟོད་ལུ་ ད་རེས་ རྟ་༡༢ དེ་ཅིག་ ལཱ་མེད་རུང་ ཇོ་བདག་ཚུ་གིས་ ཧེ་མ་ ལཱ་བཀོལ་ནི་དེ་གིས་ བཙོང་མ་ནུམ་པར་ དེ་སྦེ་ར་ བཞག་སྟེ་འདུག་ཟེར་ཨིནམ་ད་ རྟ་ལ་ལོ་ ཤི་ནུག་ཟེར་ཨིན་པས།
གདུང་སྟོད་ལུ་ རྟ་༡༢ ཀྱིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་ཏེ་འབད་རུང་ མི་ཚུ་གིས་ བཟོད་པ་སྒོམ་སྡོདཔ་མས་ཟེར་ རྒཔོ་གིས་ བཤད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ རྟ་ཚུ་གིས་ ལོ་ཐོག་མེདཔ་བཏང་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ རྩོད་གཞི་བཙུགས་ཏེ་ ནང་འགྲིགས་རྐྱབ་སྟེ་ མཇུག་བསྡུ་ནུག་ཟེར་ཨིན་པས།
གདུང་སྟོད་ལུ་ ད་རེས་ སྣུམ་འཁོར་བོ་ལི་རོ་༢༣ ཡོད་པའི་ཁར་ ལྡན་ཆུ་ཁ་ལུ་༣༠ དེ་ཅིག་ཡོདཔ་ད་ དཱ་ར་ཁྲོམ་དེ་ནང་ ཕྱི་རུའི་ ཆུ་ཚོད་བདུན་དེ་ཅིག་ལང་ཡོདཔ་ལས་ ཁྲོམ་ནང་མི་ཡང་དེ་ཅིག་མེདཔ་ལས་ ཁྲོམ་དེ་ ཁུ་སིམ་སི་འགྱོ་བའི་ཁར་ སྣུམ་འཁོར་བོ་ལི་རོ་ཚུ་ཡང་ རང་སོའི་ས་གནས་ཚུ་ནང་ ལོག་འགྱོཝ་ད་ བདག་འཛིན་མེད་པར་བཞག་མི་ རྟ་༤ ཁྲོམ་ཁར་ཞག་སྡོད་པར་ འོངམ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *