རྡོ་དཀར་གྱི་ ངན་ལྷད་ཉོགས་བཤད་ལུ་ ཞིབ་དཔྱད་མཚམས་འཇོག་འབད་ཡོདཔ།

༉ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ ཚོང་འབྲེལ་མཁས་མཆོག་དང་ ཚོང་འབྲེལ་དང་ཐབས་སྒྲིག་མདོ་ཆེན་༢ ཀྱིས་ ནེ་པཱལ་ལུ་ རྡོ་དཀར་ཕྱིར་ཚོང་ནང་ གོང་ཚད་ཀྱི་ཐད་ཁར་ ངན་ལྷད་འཐབ་ཡོད་པའི་ ཉོགས་བཤད་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཚམས་འཇོག་འབད་ནུག།

ཨིན་རུང་ ཤུལ་ལས་ རྩོད་དོན་དེ་དང་འབྲེལ་བའི་ བརྡ་དོན་ཚུ་ འཐོབ་པ་ཅིན་ ལྷན་ཚོགས་ཀྱིས་ ལོག་སྟེ་ར་ ཞིབ་དཔྱད་འབད་འོང་ཟེར་ ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ལས་འཛིན་གྱི་ ཚོང་འབྲེལ་མཁས་མཆོག་དང་ ཚོང་འབྲེལ་དང་ཐབས་སྒྲིག་མདོ་ཆེན་༢ ཀྱིས་ ནེ་པཱལ་ལུ་ རྡོ་དཀར་ཕྱིར་ཚོང་ནང་ གོང་ཚད་བཟོ་བའི་སྐབས་ ངན་ལྷད་འཐབ་ཡོད་པའི་ ཉོགས་བཤད་ཡི་གུ་དེ་ ཡོངས་འབྲེལ་ཐོག་ལས་ ལྷན་ཚོགས་ཀྱིས་ ཐོབ་ཡོདཔ་ཨིན་པས།

ཉོགས་བཤད་ཡི་གུ་ནང་ ལས་འཛིན་གྱི་འགོ་དཔོན་༢ གོང་ཚད་བཟོ་ནིའི་ནང་ གྲལ་གཏོགས་ཡོདཔ་མ་ཚད་ ནེ་པཱལ་ལུ་ རྡོ་དཀར་ཉོ་མི་ཚུ་ལས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ ལེན་དོ་ཡོད་པའི་ ཁ་ཉེས་ཚུ་ བཀལ་ཏེ་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༡ པའི་ཚེས་༨ དང་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ད་རུང་ ཚོང་འབྲེལ་དང་ ཐབས་སྒྲིག་མདོ་ཆེན་གྱིས་ སྐྱེལ་འདྲེན་ལས་ཚབ་སྦེ་ ཏི་རུ་ལེན་དོ་ཡོད་པའི་ཁར་ ས་གཏེར་ཀྱི་ འོང་འབབ་ ཐེར་འབུམ་སྦེ་ ལོག་སྤྱོད་འབད་དོ་ཡོད་པའི་ བརྡ་དོན་ཚུ་ ལྷན་ཚོགས་ཀྱིས་ ཐོབ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ འབྲུག་རྒྱུ་ནོར་གཞི་བཟུང་ལས་ཐོབ་མི་ ལོ་བསྟར་ཁྲལ་ཀྱི་ སྙན་ཞུ་ཚུ་ལུ་ གཞི་བཞག་ཐོག་ ཉོགས་བཤད་ཚུ་ བསྐྱར་ཞིབ་འབད་ཚར་བའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༢ ལས་ ཞིབ་དཔྱད་འགོ་བཙུགས་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༤ ལུ་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ཚེས་༡༦ ལུ་ བསྟན་རྒྱས་ལྷན་ཁག་གིས་ སྤྱི་ལོ་༢༠༡༩ ཟླ་༡ པ་ལས་ པདྨ་དགའ་ཚལ་ ཁོ་ཐག་པ་རྡོ་དཀར་ཕྱིར་བཏོན་གྱི་ལཱ་དེ་ འབྲུག་ས་གཏེར་ལས་འཛིན་གྱི་ ལས་བྱེདཔ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ རྩིས་ལེན་དགོ་པའི་ དབང་ཆ་བྱིན་ནུག་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ཚེས་༡༩ ལུ་ ལས་འཛིན་གྱི་ བཀོད་ཚོགས་ཞལ་འཛོམས་ཐེངས་༣༣ པ་ འཚོགས་པའི་སྐབས་ རྒྱ་གར་དང་ ནེ་པཱལ་ལུ་ རྡོ་དཀར་ཚུ་ ཕྱིར་ཚོང་གི་ གོང་ཚད་དེ་ དངུལ་ཀྲམ་༢༠༠ དང་༤༠༠ དེ་ཅིག་ལུ་ བསྐྱར་ཞིབ་འབད་ཐོག་ ཆ་འཇོག་འབད་ཡོད་པའི་ ཤེས་རྟོགས་བྱུང་ནུག།

ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ ལས་སྡེའི་འོང་འབབ་ཡར་སེང་དང་ གོང་ཚད་བཟོ་ནི་ལ་སོགས་པའི་ གྲོས་ཐག་བཅད་ནི་ཚུ་ བཀོད་ཚོགས་ཀྱིས་ འབད་དོ་ཡོདཔ་ལས་ ཁ་ཉེས་ཕོག་མི་ ལས་འཛིན་གྱི་ འགོ་དཔོན་༢ དེ་ རྡོ་དཀར་ཕྱིར་ཚོང་གི་ གོང་ཚད་བཟོ་ནི་ཚུ་ནང་ གྲལ་གཏོགས་མིན་འདུག་ཟེར་ཨིན་པས།

ཚོང་འབྲེལ་མཁས་མཆོག་དང་ ཚོང་འབྲེལ་དང་ཐབས་སྒྲིག་མདོ་ཆེན་༢ དེ་ ལས་སྡེའི་ལས་སྣ་ཚུ་ ལག་ལེན་འཐབ་ནི་རྐྱངམ་གཅིག་མ་གཏོགས་ བཀོད་ཚོགས་ཀྱི་ འཐུས་མི་མེན་པའི་ཁར་ གྲོས་ཐག་བཅད་ནི་ནང་ཡང་ འགན་ཁུར་ག་ནི་ཡང་མེདཔ་ལས་ ནེ་པཱལ་ལུ་ རྡོ་དཀར་ཕྱིར་ཚོང་ནང་ ངན་ལྷད་འཐབ་ཡོད་པའི་ བདེན་རྟགས་སམ་ སྒྲུབ་བྱེད་ཚུ་མིན་འདུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ས་གཏེར་གྱི་ལཱ་དེ་ འབྲུག་ས་གཏེར་ལས་འཛིན་གྱི་སྐབས་ལུ་ར་ སྤྱི་ལོ་༢༠༡༦ ལས་༢༠༡༨ ཚུན་ ལོ་༣ གྱི་རིང་ ནེ་པཱལ་ལུ་ རྡོ་དཀར་མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༡,༧༥༠ རེ་སྦེ་ར་ ལུས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༩ ལུ་ དངུལ་ཀྲམ་༡,༧༧༥ དང་ སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ དངུལ་ཀྲམ་༡,༩༧༥ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་ནང་ སྤྱི་ལོ་༢༠༡༩ དང་༢༠༢༠ ལུ་ རྡོ་དཀར་གྱི་ཐོན་སྐྱེད་ར་ མེ་ཊིག་ཊཱན་༩༠༥,༡༥༣ རྐྱངམ་གཅིག་ཨིནམ་ལས་ འདས་པའི་ལོ་༣ ནང་ ལས་འཛིན་གྱི་ རྡོ་དཀར་མེ་ཊིག་ཊཱན་༡,༩༨༩,༠༠༠ ཕྱིར་ཚོང་འཐབ་ཡོད་པའི་ ཁ་ཉེས་བཀལ་མི་དེ་ བདེན་ཁུངས་མིན་འདུག་ཟེར་བཀོད་ནུག། 

རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ རྡོ་དཀར་མེ་ཊིག་ཊཱན་༩༠༥,༡༥༣ དེ་ཅིག་ ཐོན་སྐྱེད་འབད་མི་ལས་ མེ་ཊིག་ཊཱན་༨༡༦,༣༦༦ དེ་ཅིག་ ཕྱིར་ཚོང་འཐབ་ཐོག་ འོང་འབབ་དངུལ་ཀྲམ་ ཐེར་འབུམ་༡.༥༥༩ བཟོ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ལས་འཛིན་གྱི་ འགོ་དཔོན་༢ ཀྱིས་ ནེ་པཱལ་ལུ་ རྡོ་དཀར་ཕྱིར་ཚོང་ནང་ གོང་ཚད་བཟོ་ནིའི་ཐད་ཁར་ གྲལ་གཏོགས་འབད་ཐོག་ རྒྱུ་དངོས་ཚུ་ སྒྲུབ་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་ མ་ཐོབ་པའི་ཁར་ ཁོང་༢ རྡོ་དཀར་སྐྱེལ་འདྲེན་ནང་ཡང་ འབྲེལ་འཛིན་མེད་པའི་ ཤེས་རྟོགས་བྱུང་ནུག།

ལྷན་ཚོགས་ཀྱིས་ ཚུལ་མིན་གྱི་ ཏི་རུ་ཚུ་ ཕྱི་ཁའི་དངུལ་ཁང་ཚུ་ནང་ བཙུགས་ནི་ལས་ སྔོན་འགོག་འབད་ཚུགས་ཐབས་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཕྱི་དངུལ་བརྗེ་སོར་གྱི་ ཁྲིམས་ལུགས་དང་ སྒྲིག་གཞི་ལག་ལེན་འཐབ་དགོ་པའི་སྐོར་ གོ་བརྡ་སྤྲོད་ཅི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *