རྟའི་གླ་ཆ་ཡར་སེང་འབད་མི་གིས་ ལ་ཁ་མཐོ་སའི་ མི་སེར་ལུ་ ཕན་ཐོགས་བྱུང་ཡོདཔ།

༉ འཚོ་བ་ལ་ནོར་དང་ དབྱར་རྩྭ་དགུན་འབུབ་ དེ་ལས་ རྟ་ལུ་བརྟེན་སྡོད་མི་ ལ་གོང་༣ གྱི་ མི་སེར་ཚུ་ གནམ་དགུན་གྱི་དོན་ལུ་ ཉེར་མཁོའི་བཟའ་འཐུང་ཚུ་ མཁོ་སྒྲུབ་འབད་ནིའི་ དུས་ཚོད་ནང་ རྟ་ཚུ་གིས་ དོས་དང་ ཁུར་ཆ་སྐྱེལ་འདྲེན་འབད་དེ་ འོང་འབབ་བཟོཝ་ཨིན་པས།

ཐིམ་ཕུག་གླིང་བཞི་དྲུང་ཁག་ སྲོས་དང་ གླིང་བཞི་རྒེད་འོག་གི་ མི་སེར་ཚུ་གིས་ བཞོན་རྟ་དང་ ཁལ་རྟ་ཚུ་ལས་ འོང་འབབ་བཟོ་མི་དེ་ དུས་ཅི་ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ཨིན་པས།

སྲོས་ནུབ་རི་ལས་ སྐྱེས་ལོ་༢༣ ལང་མི་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ སྤྱི་ཟླ་༩ པ་ཚུན་ ཁོ་ལུ་ རྟ་༨ ལས་༢༠ གི་བར་ན་ཡོད་རུང་ བདུན་ཕྲག་གི་རིང་ གཞུང་འབྲེལ་དང་ སྒེར་སྡེ་ ཚོང་འབྲེལ་ ལྟ་བཤལཔ་ཚུ་གི་དོས་དང་ ཁུར་ཆ་ ཉེར་མཁོའི་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་བའི་སྐབས་ ཧེ་མ་ལས་ གཞུང་གིས་ ཚད་གཞི་བཟོ་ཡོད་མི་ གླ་ཆ་ལས་བརྒལ་ ཐོབ་ནི་མེད་ཟེར་ཨིན་པས།

སྲོས་ལས་ སྤ་རོ་བཙན་ཏོག་རྒེད་འོག་ ཤར་ན་ཚུན་ རྟའི་ཁུར་ཆ་ལེན་པར་ ཉིནམ་༢ དང་ ལོག་གླིང་བཞི་དང་ ནཱ་རོ་ སྲོས་ཚུན་ ཉིནམ་༢ དང་༣ ཚུན་ འགྲོ་འགྲུལ་འབདཝ་ད་ ཉིནམ་རེ་ལུ་ རྟ་གླ་དངུལ་ཀྲམ་༣༠༠ རྐྱངམ་གཅིག་ ཐོབ་ཨིན་པས།

ཨིན་རུང་ ལ་མཐོ་སར་སྡོད་མི་ མི་སེར་ཚུ་ གཙོ་བོ་ར་ འཚོ་བ་ལ་ནོར་ལུ་བརྟེན་ སྡོད་དགོ་ནི་དེ་གིས་ ཐབས་ཤེས་གཞན་མེད་པར་ མི་རེ་གཉིས་ཀྱིས་ རྟ་༡ ལས་༢༠ འི་བར་ན་ གསོ་སྐྱོང་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།

རྟ་༨ ཡོད་མི་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ རྒྱུན་འགྲུལ་འཐབ་མ་ཆོགཔ་ད་ ལ་ནོར་ལུ་བརྟེན་སྡོད་མི་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་བྱུང་ཡི་ཟེར་ཨིན་པས།

ཨིན་རུང་ གནས་སྟངས་ལེགས་ཤོམ་འགྱོ་བའི་ཤུལ་ལས་ ས་ཁ་མཐོ་སར་ ཕྱིའི་ལྟ་བཤལཔ་ འོང་ནི་མེད་རུང་ ནང་འཁོད་ལྟ་སྐོར་པ་ཚུ་འོང་ནི་ འགོ་བཙུགས་ཡོདཔ་ལས་ འོང་འབབ་བཟོ་ནིའི་ གོ་སྐབས་ཐོབ་ཅི་ཟེར་ སངས་རྒྱས་མཁའ་འགྲོ་གིས་ བཤད་པའི་ཁར་ དུས་ཅི་སྤྱི་ཟླ་༩ པའི་ནང་ ཐིམ་ཕུག་རྫོང་ཁག་ཚོགས་འདུ་གིས་ བཞོན་རྟ་དང་ ཁལ་རྟའི་གླ་ཆ་ཚུ་ ཡར་སེང་འབད་ཡོདཔ་ལས་ ཧེང་སྐལ་ར་ ཕན་ཐོགས་འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།

ད་རེས་ རྟ་ཡོད་མི་ཚུ་གིས་ ཉིནམ་རེ་ནང་ རྟ་རེ་ལུ་ གླ་ཆ་དངུལ་ཀྲམ་༥༠༠ རེ་དང་ རྟ་༨ ལུ་ དངུལ་ཀྲམ་༤,༠༠༠ དང་ ཉིནམ་༥ ལུ་ དངུལ་ཀྲམ་༢༠,༠༠༠ འོང་འབབ་བཟོ་ཚུགས་ནི་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ རྟ་རེ་ལུ་ དངུལ་ཀྲམ་༣༠༠ རེ་ ཐོབ་མི་གིས་ རྟ་ལུ་ཆག་བྱིན་ནི་གི་ ཟད་འགྲོ་ཡང་ ལང་མ་ཚུགས་པའི་ གདོང་ལེན་བྱུང་ཡི་ཟེར་ སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།

རྫོང་ཁག་ཚོགས་འདུ་གིས་ བཞོན་རྟ་ལུ་ དངུལ་ཀྲམ་༧༠༠ རེ་དང་ ཁལ་རྟའི་གླ་ཆ་དངུལ་ཀྲམ་༥༠༠ ལུ་ ཡར་སེང་འབད་ནུག།

སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ དྲུང་ཁག་དེ་ནང་ རྒེད་འོག་༣ ཡོད་མི་ག་ར་ མཐའ་ཟུར་ལུ་ཨིནམ་མ་ཚད་ འཁོར་ལམ་ལྷོད་ནིའི་ གོ་སྐབས་མེདཔ་ལས་ མི་སེར་ཚུ་གིས་ བཞོན་རྟ་དང་ཁལ་རྟའི་ གོ་སྐབས་ལེན་ཏེ་ འོང་འབབ་བཟོཝ་ཨིན་ཟེར་ བཤདཔ་ཨིན་པས།

ད་རུང་ དུས་ཅི་ དབྱར་རྩྭ་དགུན་འབུབ་དེ་ཡང་ གོང་ཚད་ལེགས་ཤོམ་ ཐོབ་མ་ཚུགས་པའི་ཁར་ བཙོང་མ་ཚུགས་པའི་ གདོང་ལེན་བྱུངམ་ད་ དོས་གླ་ཚུ་ ཡར་སེང་འབད་མི་གིས་ ལྷན་ཐབས་བྱུང་ཡི་ཟེར་ མི་སེར་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། སྲོས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *