རྒྱུན་བརྟན་གྱི་ འགན་ཁུར་འབག་མི་དགོ་ནི།

༉ རྒྱལ་ཁབ་ཡར་རྒྱས་དང་ མི་རློབས་ཡར་འཕར་འགྱོཝ་དང་འབྲེལ་ ཕྱགས་སྙིགས་དང་ འཕྲོ་བརླག་འགྱོ་མི་ རག་རོ་ཚུ་ ཐོན་སྐྱེད་འབད་མི་དང་ ག་ལྷོད་སར་ བཀོག་མི་ཡང་ མངམ་ཐོནམ་ཨིན་མས།
འདི་བཟུམ་མའི་ ཕྱགས་སྙིགས་དང་ རག་རོ་ཚུ་གིས་ ཁྲོམ་དང་རང་སྡོད་སའི་ ས་ཁོངས་ཚུ་གིས་མ་དོ་བར་ མཐའ་འཁོར་གནས་སྟངས་བཙོག་པ་བཟོཝ་མ་ཚད་ མི་ཚུ་ལུ་ ནད་རིགས་འདྲ་མ་འདྲཝ་ འཐོབ་ཉེན་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་དང་ མི་སྡེ་ལས་ཚོགས་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལུ་ འཕྱག་བདར་རྐྱབ་ནི་དང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་འདུག།
དེ་མ་ཚད་ དུས་ཅི་ལས་ སྤྱི་ཟླ་༧ པའི་ཚེས་༢ ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ འགོ་འདྲེན་ཐོག་ལས་ ཕྱགས་སྙིགས་དང་ རག་རོ་རྩ་ལས་མེད་པའི་ དུས་ཚོད་བརྩི་སྲུང་འབད་མི་དེ་ནང་ མི་ངོ་༡༥༠ ལྷགཔ་ཅིག་གིས་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ དུས་ཡུན་ཆུ་ཚོད་༡ གི་རིང་ ཕྱགས་སྙིགས་དང་ རག་རོ་ཚུ་ བསྡུ་བསྒྱོམ་འབད་ནུག།
དེ་བསྒང་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ཡང་ རག་རོ་བསྡུ་བསྒྱོམ་འབད་ནིའི་ནང་ བཅའ་མར་གཏོགས་མི་དེ་གིས་ མཐའ་འཁོར་དང་ རང་སྡོད་སའི་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་བཞག་དགོཔ་ ག་དེ་ཅིག་ ཁག་ཆེཝ་ཨིན་ན་ གསལ་སྟོན་འབདཝ་མས།
དུས་ཡུན་ཆུ་ཚོད་༡ ནང་ འཕྲོ་བརླག་དང་ རག་རོ་ཚུ་ རྩ་ལས་མེདཔ་ བཟོ་ནིའི་ཐབས་བྱུས་དེ་ཡང་ འདས་པའི་ཟླཝ་ནང་ མི་དབང་རྒྱལ་བཙུན་མཆོག་གིས་ འགོ་བཙུགས་གནང་མི་དེ་ཡང་ ང་བཅས་རའི་མི་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་ཚུལ་ལྡན་འབད་ནི་དང་ ཕྱགས་སྙིགས་མེད་པའི་ མི་ཚེ་སྐྱོང་ནིའི་དོན་ལུ་ མནོ་ལུགས་བསྒྱུར་བཅོས་འབད་བས་ལུ་ཨིན་མས།
ད་ལས་ཕར་ ཟླ་རིམ་བཞིན་དུ་ སྤྱི་ཚེས་༢ ལུ་ དུས་ཡུན་ཆུ་ཚོད་༡ གི་རིང་ ཕྱགས་སྙིགས་དང་ རག་རོ་ཚུ་ བསྡུ་བསྒྱོམ་འབད་ནི་ཨིནམ་བཞིན་དུ་ མཐར་ཐུག་ལུ་ སྤྱི་ལོ་༢༠༣༠ ལུ་ འབྲུག་གི་འཆར་སྣང་ ཕྱགས་སྙིགས་དང་ རག་རོ་མེད་པའི་ མི་སྡེ་ཅིག་ བཟོ་ནི་དེ་ཨིན་མས།
འདི་འབདཝ་ད་ འཆར་སྣང་འདི་ འགྲུབ་དགོ་པ་ཅིན་ དང་པ་ར་ ཁྲོམ་སྡེ་ཚུ་ནང་ སྡོད་མི་ཚུ་ལུ་ ཕྱགས་སྙིགས་དང་ རག་རོ་ཚུ་ ག་ལྷོད་སར་ བཀོག་ནི་མི་འོང་ཟེར་ གོ་བརྡ་དང་ བསླབ་སྟོན་ཚུ་ བྱིན་ནི་དེ་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ འབྲེལ་ཡོད་ལས་སྡེ་དང་ ཁས་བླངས་པ་ཚུ་གིས་ ཕྱགས་བདར་རྐྱབ་ནི་དང་ རག་རོ་ཚུ་ བསྡུ་བསྒྱོམ་འབད་བ་ཅིན་ ས་ཁོངས་ནང་ སྡོད་མི་ཚུ་གིས་ འཐུ་འབག་མི་ཡོད་ཟེར་ ཕྱགས་སྙིགས་ཚུ་ ག་ལྷོད་སར་ བཀོག་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན།
མ་གཞི་ ཟླཝ་༡ ནང་ དུས་ཡུན་ཆུ་ཚོད་༡ གི་རིང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལམ་ལུགས་འགོ་བཙུགས་མི་དེ་ ཞབས་ཤེས་ལེགས་ཤོམ་ཅིག་ཨིན་རུང་ ལྟ་རྟོག་དང་ འགོ་འདྲེན་འཐབ་མི་ ངོས་འཛིན་མ་འབད་བ་ཅིན་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ ཆུ་ཤོག་དང་ གྱིབ་ཤོག་ལག་ལེན་བཀག་དམ་འབད་མི་དེ་ འཐུས་ཤོར་བྱུང་དོ་བཟུམ་ཅིག་ལུ་འགྱུར་འོང།
ལས་རིམ་དེ་ མཐར་འཁྱོལ་འབྱུང་དགོ་པ་ཅིན་ འགོ་བཙུགས་ཞིནམ་ལས་ རྗེས་དཔྱད་འབད་མི་དང་ ལཱ་འཕྲོ་མཐུད་འབད་མི་ དེ་ལས་ ལྟ་རྟོག་འབད་མི་ དགོཔ་བཞིན་དུ་ ཁྲོམ་སྡེའི་ནང་ སྡོད་མི་ཚུ་གིས་ཡང་ རང་གི་ཁྱིམ་དང་ ས་ཁོངས་བཟུམ་ཅིག་སྦེ་ བརྩི་འཇོག་ཐོག་ ཕྱགས་སྙིགས་དང་ རག་རོ་ཚུ་ ག་ལྷོད་སར་ བཀོག་ནི་ལས་ ག་དེ་དྲག་དྲག་ འཛེམ་ཐབས་འབད་དགོ། ང་བཅས་ག་ར་གིས་ འགན་ཁུར་འབག་སྟེ་ འབྲུག་རྒྱལ་ཁབ་འདི་ གཙང་སྦྲ་དང་ སྔོ་ལྗང་དང་ལྡནམ་སྦེ་ བཞག་ནི་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་དགོ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *