རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེ་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལུ་ ངོས་འཛིན་ལག་ཁྱེར་བྱིན་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༨ ལུ་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེ་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལུ་ ངོས་འཛིན་ལག་ཁྱེར་ བྱིན་ ཡོདཔ་ཨིན་པས།

ངོས་འཛིན་ལག་ཁྱེར་དེ་ཡང་ གནམ་ཐང་གིས་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེའི་ ལས་བྱེད་ཚོགས་ཆུང་གི་ རྒྱབ་སྣོན་དང་ རྒྱལ་སྤྱི་གནམ་ཐང་ཚོགས་སྡེའི་ཚོང་འབྲེལ་དང་ ལམ་སྟོན་དང་འཁྲིལ་ཏེ་ ལཱ་འབད་བའི་ངོས་འཛིན་ལུ་ བྱིན་ཡོདཔ་ཨིན་པས།

དེ་གི་གོ་དོན་དེ་ གནམ་ཐང་གིས་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཉེན་སྲུང་ཅན་གྱི་ ཉམས་མྱོང་བྱིན་མི་དེ་ གསོ་བའི་ཐབས་ལམ་གྱི་ རྒྱབ་སྣོན་དང་འཁྲིལ་ འབད་བའི་ངོས་འཛིན་ཨིན་པས།

མཁའ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་དབང་ཕྱུག་དང་འཁྲིལཝ་ད་ ངོས་འཛིན་ལག་ཁྱེར་དེ་གནམ་ཐང་གིས་ ནད་ཡམས་ཀོ་བིཌ་-༡༩ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ཚུ་འབད་བའི་ གྲུབ་འབྲས་ལུ་བརྟེན་ བྱིན་ནུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལམ་ལུགས་དང་འཁྲིལཝ་ད་ གནམ་ཐང་གིས་ ཐབས་ལམ་ཚུ་བཏོན་ཐོག་ལས་ འགྲོ་འགྲུལ་འབད་མི་ཚུ་གིས་ གནམ་ཐང་གི་མཐུན་རྐྱེན་ཚུ་ སྤྱོད་ཚུགས་པའི་ གནས་སྟངས་བཟོ་ནུག་ཟེར་ཨིན་པས།

མཁའ་འགྲུལ་ལོག་ཐོབ་ཚོགས་སྡེའི་ ལས་བྱེད་ཚོགས་ཆུང་གི་ ལམ་སྟོན་ནང་ གནམ་ཐང་གི་སྒྲིང་ཁྱིམ་ ཕྱགས་བརྡར་རྐྱབ་ནི་དང་ སྨན་གཏོར་ནི་ ས་སྟོང་བཞག་ནི་ ལས་བྱེདཔ་གི་ཉེན་སྲུང་ འགྲུལ་པ་འོང་སའི་ ས་ཁོངས་ཉེན་སྲུང་དབྱེ་དཔྱད་ འཛུལ་སྒོ་ནང་ སྨན་གཏོར་ནི་ འགྲུལ་པ་བསྐྱལ་ནི་ འགྲུལ་པ་འཐོན་ས་ དོ་ལེན་ས་ དེ་ལས་ གནམ་གྲུ་ཆགས་སའི་ ས་ཁོངས་ཚུ་ཚུད་ཡོདཔ་ཨིན་པས།

དེ་མ་ཚད་ ལམ་སྟོན་འོག་ལུ་ ས་གནས་ཀྱི་གསོ་བའི་དབང་འཛིན་དང་ མཁའ་འགྲུལ་གྱི་སྒྲིག་གཞི་ཚུ་ཡང་ ཚུདཔ་ཨིནམ་ད་ ངོས་འཛིན་ལག་ཁྱེར་དེ་ ལོ་༡ གི་རིང་ ཆ་གནས་ཡོདཔ་ཨིན་པས།

དེ་གི་ནང་འཁོད་ལུ་ གནམ་ཐང་གིས་ སྤུས་ཚད་ཅན་གྱི་ཞབས་ཏོག་བྱིན་ནི་དང་ འཕྲོ་མཐུད་ལེགས་བཅོས་འབད་ནི་ དེ་ལས་ ནད་ནད་ཡམས་ཀྱི་གནས་སྟངས་འགྱུར་འགྱོ་མི་དང་འཁྲིལ་ དུས་མཐུན་གྱི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས།

ཀརྨ་དབང་ཕྱུག་གིས་ བཤད་མིའི་ནང་ ངོས་འཛིན་ལག་ཁྱེར་དེ་ཡང་ གཙོ་བོ་ར་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་མཁའ་འགྲུལ་དབང་འཛིན་གྱི་ལམ་སྟོན་དང་ གནམ་ཐང་ནང་ གདོང་གཟང་སྟེ་ ལཱ་འབད་མི་ཚུ་གིས་ མཉམ་འབྲེལ་གྱི་ བརྩོན་ཤུགས་གྲུབ་འབྲས་ཨིན་ཟེར་ བཤད་ཅི།

ངོས་འཛིན་གྱི་ ལམ་ལུགས་དང་འཁྲིལ་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་གིས་ ལྟ་རྟོག་ འབད་མི་ སྡེ་ཚན་བཙུགས་ཡོད་མི་གིས་ དུས་རྒྱུན་དུ་ ལྟ་རྟོག་དང་སྒྲིག་གཞི་ཚུ་ བསྟར་སྤྱོད་འབད་དོ་ཡོདཔ་ད་ ཚད་ལྡན་བྱ་སྒོ་ལམ་ལུགས་ཚུ་ ལེགས་བཅོས་དང་བསྒྱུར་ཚུ་ འབདཝ་ཨིན་པས།

ནད་འབུབ་ཀྱི་ བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ མཁའ་འགྲུལ་ནང་ལཱ་འབད་མི་དང་ དོ་ལག་ལེན་འཐབ་མི་ དེ་ལས་ སྨན་གཏོར་མི་སྡེ་ཚན་ག་ར་ རང་རྐྱང་ཉེན་སྲུང་གི་གྱོན་ཆས་ཚུ་གྱོན་ཏེ་ ས་ཁོངས་ཅིག་ནང་སྡོད་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

གནམ་གྲུ་ནང་ལས་ཐོན་མི་ ཕྱགས་སྙིགས་དང་ གདོང་ཁེབས་ཀྱི་རིགས་ཚུ་ ངོས་འཛིན་འབད་མི་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ བཀོག་དོ་ཡོདཔ་ཨིན་པས།

རྒྱལ་སྤྱི་མཁའ་འགྲུལ་གྱི་ ལམ་སྟོན་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༤ པ་ལས་འགོ་བཙུགས་ འགྲུལ་པ་ཚུ་ ཐད་ཀར་དུ་ ཟུར་བཞག་ནང་བཙུགས་ཏེ་ བརྟག་དཔྱད་ཚུ་ འབད་ཡོདཔ་ཨིན་པས།

གསོ་བའི་ལས་རོགསཔ་གོངམ་ ཀརྨ་ནོར་བུ་གིས་ སླབ་མིའི་ནང་ འགྲུལ་པ་དང་ དོ་ཕབ་ལེན་འབད་མི་ དེ་ལས་ སྨན་གཏོར་མི་སྡེ་ཚན་དང་ གནམ་གྲུ་ནང་ལཱ་འབད་མི་ ལས་བྱེདཔ་ཚུ་དང་འབྲེལ་བ་འཐབ་མི་ གནམ་ཐང་གི་ལས་བྱེདཔ་ཚུ་ ས་ཁོངས་ཅིག་ ནང་ བཞག་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ གནས་སྐབས་ཅིག་གི་རིང་ གསོ་བའི་ཁ་གསལ་དྲི་ཤོག་དེ་ བཤོལ་བཞག་སྟེ་ འགྲུལ་པ་ཚུ་ ཐད་ཀར་དུ་ ཟུར་བཞག་མཐུན་རྐྱེན་ནང་ འབག་འགྱོ་དོ་ཟེར་ཨིན་པས།

ཕྱི་མི་ནང་སྐྱོད་འགོ་དཔོན་གོངམ་ ཚེ་རིང་སྒྲོལ་མ་གིས་ ཕྱི་མི་ནང་སྐྱོད་ཀྱི་ཁ་གསལ་ཚུ་ཡང་ ལྷོདཔ་ད་ ཡོངས་འབྲེལ་ཐོག་ལས་ ལེན་དོ་ཟེར་ཨིནམ་ད་ ཆོག་ཐམ་དང་ འཛུལ་ནིའི་གནང་བ་ཚུ་ ཟུར་བཞག་དུས་ཡུན་ཚང་བའི་ཤུལ་ལས་ འབད་དོ་ཡོདཔ་ཨིན་པས།

ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ འཕུར་འགྲུལ་ཚད་ཅིག་ལས་མེདཔ་ལས་ དེ་གི་གོ་སྐབས་ལེན་ཏེ་ ཉེན་སྲུང་གི་ལཱ་དང་ མཐུན་རྐྱེན་གོང་འཕེལ་གྱི་ ལཱ་ཚུ་འབད་འོང་ཟེར་བཤད་ཡོདཔ་ད་ གནམ་གྲུའི་མགྱོགས་ལམ་དེ་ཡང་ ལེགས་བཅོས་འབད་བའི་བསྒང་ཡོད་མི་དེ་ སྤྱི་༩ པའི་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ གནམ་ཐང་གིས་ རྒྱལ་སྤྱི་མཁའ་འགྲུལ་ཚོགས་སྡེ་གིས་ རྒྱབ་སྣོན་འབད་མི་༢༠ ག་ར་ ལག་ལེན་ འཐབ་ཡོད་ཟེར་ཨིན་པས།

ཐབས་ལམ་ཚུ་ ནད་ཡམས་ཀྱི་གནས་སྟངས་དང་འཁྲིལ་ དུས་མཐུན་འབད་འོང་ཟེར་ ཁོ་གིས་བཤད་ཡོདཔ་ད་ ལམ་སྟོན་ གསརཔ་དང་འཁྲིལཝ་ད་ འགྲོ་འགྲུལ་འབད་མི་དང་ ལས་བྱེདཔ་ དེ་ལས་ མི་མང་ལུ་ ཞབས་ཏོག་ལག་ལེན་འཐབ་པའི་ སྐབས་ ཉེན་སྲུང་ཉུང་སུ་བཟོ་ཐབས་ལུ་ ཨིན་ཟེར་བཤད་ཅི།

ནད་ཡམས་ཀྱི་དུས་ཚོད་ནང་ མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ ལོག་འགོ་བཙུགས་ཏེ་ ཚོང་འབྲེལ་གྱི་དོན་ལུ་ གྲ་སྒྲིག་འབད་བའི་ དུས་ཚོད་ནང་ ངོས་འཛིན་ལག་ཁྱེར་དེ་གིས་ དཔེ་སྟོན་དྲག་ཤོས་གསལ་སྟོན་ འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *