རྒྱལ་སྤྱི་བརྒྱུད་འབྲེལ་མཐུན་ཚོགས་ཀྱིས་ བརྒྱུད་འབྲེལ་དར་ཁྱབ་དོན་ལུ་ གྲོགས་རམ་འཕྲོ་མཐུད་འབད་ནི།

༉ རྒྱལ་སྤྱི་བརྒྱུད་འབྲེལ་མཐུན་ཚོགས་ཀྱི་མདོ་ཆེན་ བྲ་ཧི་མ་ ས་ནཱའུ་གིས་ ཁ་ཙ་ འབྲུག་གི་བརྒྱུད་འབྲེལ་གྱི་ གནས་ཚད་དེ་ འཐུས་མི་རྒྱལ་ཁབ་༡༩༣ ལས་༡༡༧ གུ་ལྷོད་མི་དེ་ སྐྱོ་ཤོས་ཅིག་མེན་རུང་ དེ་བ་ལྷགཔ་སྦེ་ ཡར་སེང་འབད་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་བཤད་ཅི།
དེ་ཡང་ མདོ་ཆེན་གྱིས་ ཁ་ཙ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ འགོ་འདྲེན་འཐབ་མི་ གསལ་བཤད་ལས་རིམ་སྐབས་བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འབྲུག་གིས་ སྤྱི་ལོ་༡༩༩༨ ལུ་ མཐུན་ཚོགས་ཀྱི་འཐུས་མི་སྦེ་ འཛུལ་བཞུགས་འབད་བའི་ཤུལ་ལས་ ད་རེས་ གནས་ཚད་དེ་ཅིག་ནང་ ལྷོད་ཡོད་རུང་ ལོ་ངོ་དག་པ་ཅིག་གི་ཤུལ་ལས་ དྲག་ཤོས་རྒྱལ་ཁབ་༥༠ འི་ནང་ ཚུདཔ་སྦེ་ འབད་དགོཔ་འདུག་ཟེར་ཨིན་པས།
འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱི་ སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ བརྒྱུད་འབྲེལ་ཁྱབ་ཚད་ཀྱི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ འབྲུག་གི་ཁྱབ་ཚད་དེ་ བརྒྱ་ཆ་༨༢.༦ ཨིན་པའི་ཁར་ འགྲུལ་འཕྲིན་གྱི་ཁྱབ་ཚད་དེ་ བརྒྱ་ཆ་༩༣ ཨིན་རུང་ འབད་དགོཔ་ལེ་ཤ་འདུག་ཟེར་བཤད་ཅི།
མདོ་ཆེན་གྱིས་ འབྲུག་ལུ་ བརྒྱུད་འབྲེལ་གྱི་ཞབས་ཏོག་བྱིན་མི་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་རྐྱངམ་གཅིག་མེན་པར་ འཐུས་མི་རྒྱལ་ཁབ་ག་ར་ལུ་ ཕན་པའི་དམིགས་གཏད་འབད་དགོ་ཟེར་བཤད་ཅི།
ལས་རིམ་ནང་ བཅའ་མར་གཏོགས་མི་གིས་ འབྲུག་རྒྱལ་ཁབ་འདི་ སྐོབས་ཚུད་འབད་ནི་དེ་གིས་ ཡོངས་འབྲེལ་གྱི་མཐུན་རྐྱེན་ཚུ་ རིན་གོང་སྦོམ་གནས་དོ་ཡོདཔ་ལས་ རྒྱལ་སྤྱིའི་མཐུན་ཚོགས་ཀྱིས་ གོང་ཚད་མར་ཕབ་ཐོག་ལས་ གྲོགས་རམ་འབད་ནིའི་ འཆར་གཞི་ཚུ་ ག་དེ་སྦེ་ར་ ཡོད་ག་ཟེར་བའི་ལན་ལུ་ མདོ་ཆེན་གྱིས་ ཞིབ་འཚོལ་ཚུ་འབད་བའི་ཤུལ་ལས་ བལྟ་འོང་ཟེར་བཤད་ཅི།
ཨིན་རུང་ མདོ་ཆེན་གྱིས་ འབྲུག་བཟུམ་སྦེ་ མཚོ་གླིང་རྒྱལ་ཁབ་ཚུ་ཡང་ ལེ་ཤ་ཡོདཔ་ལས་ དེ་ཡང་ གྲོགས་རམ་འབད་དགོཔ་ཡོད་རུང་ མཐུན་ཚོགས་ལུ་ མཐུན་རྐྱེན་ཡང་ ཚད་ཅིག་ལས་མེད་ཟེར་བཤད་ཅི།
ཨེ་ཤི་ཡ་དང་ པེ་སི་ཕིཀ་ལུང་ཕྱོགས་ཀྱི་ མཐུན་ཚོགས་ཀྱི་ལུང་ཕྱོགས་མདོ་ཆེན་ ཨཱའི་ནི་ ཀོ་རོ་ཡེ་བུ་ཀི་གིས་ མཐུན་ཚོགས་ཀྱིས་ འབྲུག་གི་དོན་ལུ་ ཚོང་འབྲེལ་ཉེན་སྲུང་སྒྲིག་གཞི་བཟོ་ནི་དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ལུ་ སྤྱི་ལོ་༢༠༡༡ དང་༢༠༡༢ ནང་ འགྲུལ་འཕྲིན་གྱི་མཐུན་རྐྱེན་དང་འབྲེལ་བའི་ སྙན་ཞུ་བཟོ་ནི་ དེ་ལས་ གཞན་ཡང་ དོ་འགྲན་སྒྲིག་གཞི་ལ་སོགས་པ་ཚུ་ བཟོ་ནིའི་ནང་ གྲོགས་རམ་འབད་དེ་ཡོད་ཟེར་བཤད་ཅི།
དུས་ཅི་ སྤྱི་ཟླ་༡༠ པའི་ནང་ ཨར་ཇིན་ཏི་ན་ལུ་སྦེ་ འགོ་འདྲེན་འཐབ་མི་ རྒྱལ་སྤྱི་བརྒྱུད་འབྲེལ་གོང་འཕེལ་ཞལ་འཛོམས་འཚོགས་པའི་སྐབས་ ལུང་ཕྱོགས་ནང་ གྲོགས་རམ་འབད་ནི་དང་ སྤྱི་ལོ་༢༠༢༠ ལས་༢༠༢༣ གྱི་དོན་ལུ་ ཐབས་བྱུས་འཆར་གཞི་བཟོ་ཡོད་མི་ལུ་ གྲོགས་རམ་འབད་ནིའི་ གྲོས་བསྟུན་འབད་ཡོད་ཟེར་བཤད་ཅི།
ཞལ་འཛོམས་སྐབས་ གོང་འཕེལ་ཉུང་སུ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ནང་མཚོ་གླིང་རྒྱལ་ཁབ་ཚུ་ལུ་ དམིགས་བསལ་གྱི་ རྒྱབ་སྐྱོར་འབད་ནི་དང་ བརྒྱུད་འབྲེལ་གོང་འཕེལ་འགྱོ་བའི་ མི་སྡེ་ཚུ་ལུ་ གྲོགས་རམ་འཆར་གཞི་ཚུ་ ཚུད་དེ་ཡོདཔ་ད་ སྤྱི་ལོ་༢༠༡༨ ཀྱི་དོན་ལུ་ དམིགས་བསལ་དུ་ སྲིད་བྱུས་དང་གློ་བུར་ བརྒྱུད་འབྲེལ་གྱི་མཐུན་རྐྱེན་དང་ འཆར་གཞི་འབད་ནིའི་སྐོར་ལས་ ཚུད་དེ་ཡོད་ཟེར་ བཤད་ཅི།
མཐུན་ཚོགས་དང་ གཞུང་གིས་མཉམ་འབྲེལ་ཐོག་ལས་ གོང་འཕེལ་ཆུང་བའི་དམིགས་དོན་འགྲུབ་ནི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འཁྲིལ་ འབད་ནི་ལུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཡོདཔ་ཨིན་པས།
གསལ་བཤད་དེ་ཡང་ བརྒྱུད་འབྲེལ་ལྷན་ཁག་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *