རྒྱལ་ས་ལྟེ་བ་ལུ་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་མེདཔ་ཨིན་ན?

༉ རྒྱལ་ཁབ་ནང་ རྫོང་ཁག་༢༠ དང་ཕྱདཔ་ད་ མིག་དཔེ་ཁྲོམ་སྡེ་ཅིག་ཨིན་མི་ རྒྱལ་ས་ལྟེ་བ་ལུ་ འཐུང་ཆུའི་དཀའ་ངལ་ཡོདཔ་ཨིན་ན?
དེ་སྦེ་ དྲི་བ་བཀོད་དགོཔ་མི་དེ་ཡང་ འཛམ་གླིང་རྒྱལ་ཁབ་ག་ཏེ་ནང་ར་འབད་རུང་ རྒྱལ་ཁབ་ཀྱི་ དབུས་གཞུང་ཆགས་སའི་ རྒྱལ་ས་ལྟེ་བ་ཚུ་ནང་ འཐུང་ཆུའི་དཀའ་ངལ་ རྒྱ་ཆེཝ་སྦེ་ མེད་ནི་དེ་གིས་ཨིན།
འབྲུག་འདི་ ཧི་མ་ལ་ཡའི་ གངས་རིའི་ས་ཁོངས་ནང་ ཆགས་ཡོད་ནི་དེ་གིས་ གཙང་ཆུ་དང་ རོང་ཆུ་ ཨོམ་ཆུ་གིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིན་རུང་ ཐིམ་ཕུག་བཟུམ་མའི་ རྒྱལ་ས་ལྟེ་བའི་ཁྲོམ་ནང་ འཐུང་ཆུའི་དཀའ་ངལ་བྱུང་མི་དེ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
དེ་ཡང་ ཐིམ་ཕུག་ལུ་ འཐུང་ཆུའི་དཀའ་ངལ་དེ་ སྤྱི་ལོ་༡༩༩༠ གོ་གྲངས་ལས་ར་ཡོད་རུང་ ད་ཚུན་གྱི་བར་ན་ ཁྲོམ་སྡེ་གིས་ རྒྱར་ཁབ་ཀྱི་མི་འབོར་བརྒྱ་ཆ་༢༠ ལྷགཔ་ཅིན་ ཐིམ་ཁྲོམ་ནང་ སྡོད་མི་ཚུ་ལུ་ གཞི་རྟེན་མཐུན་རྐྱེན་ འདྲ་མཉམ་སྦེ་ མཁོ་སྤྲོད་འབད་མ་ཚུགས་པར་འདུག།
ད་རེས་ནངས་པར་ ལྕང་ཟམ་ཏོག་དང་ ལྕང་བང་འབྲུག་ ལྕང་སྒྱིད་དར་ཕུག་གམ་ ཡོངས་གྲགས་ལུ་ ཀ་ལ་བཱ་ཛར་ཟེར་སླབ་མི་ ས་ཁོངས་ཚུ་ནང་ འཐུང་ཆུ་གིས་ ལང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ད་ འཕྲལ་ཁམས་ཅིག་ལས་ མུ་ཏིག་ཐང་སྟོད་དང་ ཆུ་བར་ཆུ་སྨད་ ཅང་ཇི་ཇི་ལུ་ཡང་ འཐུང་ཆུའི་དཀའ་ངལ་བྱུང་སྟེ་ཡོདཔ་ལས་ དེ་ནང་སྡོད་མི་ཚུ་གིས་ ས་གནས་ཁག་སོ་སོའི་ནང་སྡོད་མི་ ཉེ་ཚན་དང་ འཆམ་མཐུན་ ངོ་ཤེས་མི་ཚུ་གི་ཁྱིམ་ནང་ལས་ ཆུ་དབོགས་ཏེ་ འཐུང་དོ་ཡོདཔ་ཨིན་མས།
འབྲུག་གི་འཐུང་ཆུའི་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལཝ་ད་ མི་ངོ་རེ་རེ་བཞིན་དུ་ལུ་ འགྲོ་བ་མིའི་གཞི་རྟེན་དགོས་མཁོའི་དོན་ལུ་ ཉེན་སྲུང་ཅན་དང་ ཟད་འགྲོ་རན་ཏོག་ཏོ་ དེ་ལས་ ཚད་ལྡང་གི་ ཆུའི་ཐོབ་ལམ་ཡོད་ཟེར་ མི་ངོ་རང་སོའི་ ཐོབ་དབང་ཨིནམ་སྦེ་ བཀོད་དེ་ཡོད་རུང་ ཐིམ་ཕུག་ཁྲོམ་སྡེ་གིས་ འཐུང་ཆུ་དང་འབྲེལ་བའི་ ཞབས་ཏོག་ཚུ་ བྱིན་ནི་ནང་ འཐུས་ཤོར་སྦོམ་བྱུང་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་ལུ་ དཀའ་ངལ་བྱུངམ་ཨིན་མས།
སྤྱི་ལོ་༢༠༡༧ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཐིམ་ཕུག་ཁྲོམ་སྡེ་ནང་ འཐུང་ཆུ་བཀྲམ་སྤེལ་གྱི་ ལས་འབྲེལ་རྩིས་ཞིབ་འབདཝ་ད་ འཐུང་ཆུའི་དཀའ་ངལ་དེ་ གཙོ་བོ་ར་ ས་ཁོངས་དང་འཁྲིལ་ཏེ་ ཆུ་འདྲ་མཉམ་སྦེ་ བཀྲམ་སྤེལ་མ་འབད་བའི་ཁར་ ཆུ་བཀྲམ་སྤེལ་ལམ་ལུགས་ནང་ ཆུ་འཕྲོ་བརླག་འགྱོ་སྟེ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་མ་ཚད་ ཆུའི་ཐོན་སྐྱེད་ འཇོན་ཐངས་ཅན་དང་ དོན་སྨིན་ཅན་གྱི་ཐོག་ལས་ འཛིན་སྐྱོང་འབད་ནི་མེད་མི་ལུ་བརྟེན་ ཁྱིམ་གུང་ལ་ལོ་གིས་ ཚུལ་མིན་གྱི་སྒོ་ལས་ ཆུ་འཐེན་འཐེནམ་དང་ ཆུའི་མི་ཊར་མེད་པར་ མཐུད་ཡོད་པའི་ཁར་ མི་སྡེའི་ཆུ་མཛོད་ཁང་ནང་ ཆུའི་བཀྲམ་སྤེལ་ ཕྱོགས་བསྒྱུར་འབད་ནི་དེ་གིས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱུང་ནུག་ཟེར་ རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
ཁྲོམ་སྡེ་གིས་ འཐུང་ཆུ་མཐུད་སྦྲེལ་ལམ་ལུགས་ཀྱི་ ལྟ་རྟོག་དང་ ལྟ་བཀོད་ལམ་ལུགས་གཞི་བཙུགས་འབད་འབདཝ་མེདཔ་ལས་ འཐུང་ཆུ་འཕྲོ་བརླག་དང་ འཐུང་ཆུའི་འོང་འབབ་ལུ་ གྱོང་རྒུད་ཡོདཔ་མ་ཚད་ འཐུང་ཆུ་བཀྲམ་སྤེལ་ནང་ བར་ཆད་བྱུང་སྟེ་འདུག་ཟེར་ ལས་འབྲེལ་རྩིས་ཞིབ་ནང་བཀོད་དེ་འདུག།
འདི་འབདཝ་ལས་ རྩིས་ཞིབ་དབང་འཛིན་གྱིས་ ཐིམ་ཕུག་ཁྲོམ་སྡེ་དང་ འཐུང་ཆུ་འཛིན་སྐྱོང་ཡར་དྲག་གཏང་ནི་དང་ མི་ཚུ་ལུ་ ཉེན་སྲུང་ཅན་དང་ ཚད་ལྡང་ དེ་ལས་ ཁུངས་ལྡན་དང་ འདྲ་མཉམ་ཐོག་ལུ་ འཐུང་ཆུ་བྱིན་ཐབས་ལུ་དམིགས་ཏེ་ ཚུལ་མཐུན་གྱི་ ཐབས་ཤེས་བཏོན་ནི་དང་ དོན་སྨིན་ཅན་གྱི་ གྲོས་ཐག་བཅད་དགོཔ་ ལམ་ལུགས་དང་ བྱ་རིམ་ཚུ་ གཞི་བཙུགས་འབད་ནི་ ལ་སོགས་པའི་ གྲོས་འདེབས་༡༥ བཀོད་ཡོདཔ་བཞིན་དུ་ ཁྲོམ་སྡེའི་ཁ་ཐུག་ལས་ཡང་ གྲོས་འདེབས་ཚུ་དང་འཁྲིལ་ དང་ལེན་འབད་ཡོད་པ་ཅིན་ ཆུའི་དཀའ་ངལ་ དུམ་གྲ་ཅིག་ སེལ་ཚུགས་ཚུགསཔ་འོང་།
ཁྲོམ་སྡེ་གིས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ གཞི་རྟེན་མཐུན་རྐྱེན་ མཁོ་སྤྲོད་འབད་དེ་ རྩ་ཁྲིམས་ཆེན་མོ་གིས་ འབྲུག་མི་ཆ་མཉམ་གྱི་ གཞི་རྟེན་ཐོབ་དབང་ལུ་ བརྩི་མཐོང་བསྐྱེད་དགོ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *