ཁ་ཙ་ ཕྱི་རུ་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ འགྲོ་འགྲུལ་བཀག་དམ་འབད་ནི་མས་ཟེར་ སྤྱགས་སྡུག་འཐབ་སྟེ་ ཁྲོམ་ཁ་ལས་ཕར་ ག་ཐོབ་སྦེ་ ཉོ་ཚོང་རྐྱབ་པའི་བསྒང་།

རྒྱལ་ས་ལྟེ་བ་ལུ་ འགྲོ་འགྲུལ་བཀག་དམ་ འབད་ནི་གི་འོས་འབབ?

༉ ཐིམ་ཕུག་ལུ་ ཟ་ཁང་ཅིག་གི་ ལས་བྱེདཔ་༣ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུང་པའི་ཤུལ་ལས་ ཁོང་དང་ཐད་ཀར་དུ་ འབྲེལ་བ་འཐབ་ཚུ་ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ཡོདཔ་བཞིན་དུ་ གལ་སྲིད་ ཁོང་ལས་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་པ་ཅིན་ ད་རིས་ རྒྱལ་ས་ལྟེ་བ་དེ་ སྒོ་བསྡམ་ནིའི་ འོས་འབབ་ཡོདཔ་ཨིན་པས།

དེ་ཡང་ ཟུར་བཞག་མཐུན་རྐྱེན་ལྟེ་བ་སྦེ་ ལག་ལེན་འཐབ་མི་ ཟ་ཁང་གི་ལས་བྱེདཔ་ ཨམ་སྲུ་༡ དང་ ཕོ་སྐྱེས་༢ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་ གཏན་འཁེལ་ཨིན་པའི་ གསལ་བསྒྲགས་འབད་བའི་ཤུལ་ལུ་ ཕྱི་རུའི་ཆུ་ཚོད་༧ ལས་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་འབད་ནི་མས་ཟེར་བའི་ འུར་བྱེལ་ལང་སྟེ་ མི་ཚུ་ཁྲོམ་ཁ་ལས་ཕར་ ག་ཐོབ་སྦེ་ ཉོ་ཚོང་རྐྱབ་སར་ མཐོང་གསལ་བྱུང་ཡི།

ནད་འབུབ་ཐོབ་མི་ཅིག་ ཟ་ཁང་གི་ ཐབ་ཚངཔ་ཨིནམ་ད་ ཁོ་གིས་ ཟུར་བཞག་གི་ སྒྲིག་གཞི་ཚུ་ལས་འགལ་ཏེ་ ལན་ཐེངས་༣ ཕྱི་ཁར་སོང་ནུག་ཟེར་ཨིན་ཨིན་པས།

ཐབ་ཚངཔ་དེ་གིས་ དཔལ་འཁྱིལ་སློབ་གྲྭ་དང་ བདེ་ཆེན་ཆོས་གླིང་ལུ་ ཀི་རི་ཀེཊ་རྩེ་བར་ ཚར་༢ སོང་ནུག་ཟེར་ ཁ་ཙ་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ རྩེད་འགྲན་འབད་བའི་སྐབས་ ཐབ་ཚངཔ་དེ་གིས་ རྒྱལ་ཡོངས་ས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་དང་ ས་གནས་ཀྱི་ མི་དག་པ་ཅིག་དང་ འབྲེལ་བ་འཐབ་ནུག་ཟེར་ཨིན་པས།

ཀི་རི་ཀེཊ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ དང་༡༨ ལུ་ དཔལ་འཁྱིལ་སློབ་གྲྭ་དང་ བདེ་ཆེན་ཆོས་གླིང་ལུ་ རྩེད་འགྲན་འབད་ཡོདཔ་ཨིན་པས།

གསལ་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ ཚུན་ཚོད་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༣༠ ནད་ཡམས་ཀྱི་ བརྟག་དཔྱད་འབད་དེ་ ཟུར་བཞག་ཡོདཔ་ད་ ཁོང་དང་འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

གསོ་བའི་ལས་བྱེདཔ་དང་ ལྟ་རྟོག་སྡེ་ཚན་ཚུ་གིས་ ནད་ཡམས་ཀྱི་ གནས་སྟངས་ག་དེ་སྦེ་ཡོདཔ་ཨིན་ན་དང་ མི་སྡེ་ནང་ ཁྱབ་སྤེལ་ཡོད་མེད་ བརྟག་དཔྱད་འབད་ནི་ཚུ་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ཀཱོལ་ཀ་ཊ་ལུ་ སྨན་བཅོས་འབད་བར་སོང་སྟེ་ ལོག་འོང་མི་ འབྲུག་མི་ནདཔ་སྡེ་ཚན་ཅིག་ ཐིམ་ཕུག་གླང་རྒྱུག་ཕར་ཁ་ལུ་ ཟ་ཁང་ཅིག་ནང་ ཟུར་བཞག་ཡོདཔ་ད་ ནདཔ་ལ་ལོ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུང་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ ཟ་ཁང་གི་ ལས་བྱེདཔ་ཚུ་ལུ་ ནདཔ་དེ་ཚུ་ལས་ ཀོ་བིཌ་-༡༩ ཐོབ་ཡོདཔ་ འོང་ནི་མས་ཟེར་ཨིན་པས།

ཀོ་བིཌ་-༡༩ འི་སྒྲིག་གཞི་དང་འཁྲིལཝ་ད་ ཟུར་བཞག་མཐུན་རྐྱེན་སྦེ་ ངོས་འཛིན་འབད་མི་དེ་ རང་གི་ས་ཁོངས་ནང་འཁོད་ལུ་སྦེ་ འཛིན་སྐྱོང་འབད་དགོཔ་བཞིན་དུ་ དེ་ཡང་ ཟུར་བཞག་མཐུན་རྐྱེན་གྱི་ སྒྲིག་གཡོག་རྒྱུག་མི་ཚུ་ལས་འགོ་བཟུང་ ཟ་ཁང་གི་ ལས་བྱེདཔ་ཚུ་ མཐུན་རྐྱེན་གྱི་ཕྱི་ཁར་ འགྱོ་མི་ཆོགཔ་ཨིན་པས།

གལ་སྲིད་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་ལས་ མི་ཅིག་ལུ་ ནད་ཡམས་ཐོབ་པ་ཅིན་ ལས་བྱེདཔ་དང་ སྒྲིག་གཡོག་རྒྱུག་མི་ཚུ་ ཉིན་གྲངས་༧ གྱི་རིང་ ཟུར་བཞག་སྟེ་ བརྟག་དཔྱད་འབད་ཞིནམ་ལས་ ནད་རྟགས་མེད་པ་ཅིན་ ཁྱིམ་ནང་བཏངམ་ཨིན་པས།

ཨིན་རུང་ ད་ལྟོའི་ བྱུང་རྐྱེན་ནང་ ཟུར་བཞག་མཐུན་རྐྱེན་ལས་ ནད་ཡམས་ཐོབ་སྟེ་ཡོདཔ་ ངོས་བཟུང་འབད་བའི་ཤུལ་ལས་ ལས་བྱེདཔ་ཚུ་ ཟུར་བཞག་ནང་ མ་བཞག་པའི་ཁར་ ལས་བྱེདཔ་ཅིག་གིས་ སྒྲིག་གཞི་ལས་འགལ་ཏེ་ ཕྱི་ཁ་ལས་པར་ ཚར་ལེ་ཤ་སོང་ཡོདཔ་ཨིན་པས།

བརྟག་དཔྱད་ཀྱི་ གྲུབ་འབྲས་ལུ་ སྒུག་སྡོད་པའི་སྐབས་ མི་མང་ཡོངས་ཀྱིས་ མི་སྤུངས་འཛོམས་འབད་ནི་ལས་ འཛེམ་ཐོག་ལས་ རང་སོའི་ཁྱིམ་ནང་ སྡོད་གནང་ཟེར་ གསོ་བ་ལྷན་ཁག་དང་ བློན་ཆེན་ཡིག་ཚང་ལས་ དྲན་བསྐུལ་འབད་ཡོད་རུང་ ཐིམ་ཕུག་ལུ་ སྡོད་མི་ཚུ་ སྤྱགས་སྡུག་འཐབ་སྟེ་ ཁ་ཙ་ཕྱི་རུ་ ཚོད་བསྲེ་ཁྲོམ་དང་ བཟའ་ཆས་ཚོང་ཁང་ཚུ་ནང་ ཉོ་ཚོང་རྐྱབ་པར་ སོང་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *