རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱིས་ ཚོང་འབྲེལ་ལས་འགུལ་༨༡ ཆ་འཇོག།

༉ བདེ་སྲུངཔ་རྟ་མགྲིན་ཚེ་དབང་གིས་ འགོ་དང་པ་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ གདོང་གཟང་སྟེ་ ལཱ་འབདཝ་ད་ རང་སྐྱོབ་ཅ་ཆས་མེད་པའི་ དཀའ་ངལ་ཡོདཔ་བཞིན་དུ་ དམིགས་བསལ་ ནང་འདྲེན་འཐབ་མི་ ཁ་རས་ཚུ་ ལག་ལེན་འཐབ་སར་མཐོང་ནུག།

དེ་བཟུམ་མའི་ གནད་དོན་དེ་ ཆུང་ཀུ་ཅིག་ཨིན་རུང་ སེལ་ཐབས་འབད་དགོཔ་ཅིག་འདུག་ཟེར་ མནོ་བསམ་གཏང་དགོཔ་བྱུང་ཡོདཔ་ད་ ད་རེས་ རྟ་མགྲིན་ཚེ་དབང་གིས་ ཟླཝ་ལས་བཅད་དེ་ གདོང་ལེན་བྱུང་བའི་ཤུལ་ལས་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱི་ཐོག་ལས་ ཐིམ་ཕུག་ལུ་ ཁ་རས་ཀྱི་ ཚོང་འབྲེལ་གཞི་བཙུགས་འབད་ནུག།

ཁོ་གིས་ སླབ་མིའི་ནང་ ཁ་རས་ཐོན་སྐྱེད་འབད་ནིའི་ ཅ་ཆས་ལས་འགོ་བཙུགས་ཏེ་ ཐོན་སྐྱེད་དང་ འཕྲུལ་ཆས་ཚུ་ལས་ ལྷབ་སྦྱང་འབད་ནི་ལུ་ གོ་སྐབས་ལེན་དོ་ཟེར་ཨིནམ་ད་ ཁོ་གི་ཚེོང་འབྲེལ་ བྷུ་ཊཱན་གསོ་བའི་གཅེས་སྐྱོང་གིས་ ཉིན་བསྟར་བཞིན་དུ་ ཁ་རས་༤༠,༠༠༠ དེ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།

རྟ་མགྲིན་ཚེ་དབང་གི་ ཐོན་སྐྱེད་དེ་ སྨན་ཁང་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ ཕྱིར་ཚོང་འཐབ་ནིའི་རེ་བ་ཡོདཔ་ད་ ཁོ་ལུ་ ལས་བྱེདཔ་༧ ཡོདཔ་ད་ ལས་སྡེ་གིས་ རང་སྐྱོབ་ཅ་ཆས་གཞན་ཚུ་ཡང་ ཐོན་སྐྱེད་འབད་ནིའི་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།

དེ་གི་ནང་ལས་ ཐོན་སྐྱེད་དང་ བཀྲམ་སྤེལ་འབད་ནི་མེད་པའི་ དཀའ་ངལ་སེལ་ཐབས་འབད་ནི་ཨིན་པའི་ཁར་ ཉེར་མཁོའི་རང་སྐྱོབ་ཅ་ཆས་མེད་པའི་ ཁྱད་པར་བསུབ་ཚུགས་ཟེར་ རྟ་མགྲིན་ཚེ་དབང་གིས་ བཤདཔ་ཨིན་པས།

ཨིན་རུང་ ཁོ་གིས་འབད་བ་ཅིན་ གལ་སྲིད་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱིས་ འགན་ལེན་མ་འབད་བ་ཅིན་ དེ་བཟུམ་མའི་ ཚོང་འབྲེལ་འཐབ་མ་ཚུགསཔ་འོང་ཟེར་ཨིནམ་ད་ ཁོ་གི་ ལས་འགུལ་དོན་ལུ་ སྐྱིན་འགྲུལ་དེ་ རྒྱལ་ཡོངས་སི་ཨེསི་ཨའི་དངུལ་ཁང་གིས་ བྱིན་ཡོདཔ་ཨིན་པས།

ཚོང་འབྲེལ་གཞི་བཙུགས་འབད་ནིའི་ གནས་སྐབས་ཡོད་རུང་ རྒྱབ་སྐྱོར་མེད་པའི་ གདོང་ལེན་བྱུང་བའི་མཐའ་མར་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་དེ་ དུས་ཚོད་ཁར་ འོང་ཡི་ཟེར་ཨིན་པས།

ཅ་ཆས་རྙིངམ་ཚུ་ བསྐྱར་གསོ་གཞི་བཙུགས་འབད་མི་ ཉི་མ་འོད་ཟེར་གྱི་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་ཆ་འཇོག་འབད་ཡོདཔ་བཞིན་དུ་ སྐྱིན་འགྲུལ་དེ་ འབྲུག་གི་དངུལ་ཁང་གིས་ བྱིན་ཡོདཔ་ཨིན་པས།

ཉི་མ་འོད་ཟེར་གྱི་ ལཱ་གཡོག་དེ་ཡང་ ནད་ཡམས་ལུ་བརྟེན་ བྱང་ཡོད་རུང་ དེ་སྦེ་ར་ མ་སྡོད་པའི་ཁར་ ཁོ་གི་ ཚོང་འབྲེལ་གནས་སྐབས་དེ་ ཡིག་ཚང་དང་ གཙུག་སྡེ་ དེ་ལས་ ཟ་ཁང་མང་ཤོས་ཀྱི་ རྒྱབ་ཁ་ལས་ཕར་ ནང་ཆས་རྙིངམ་ཚུ་ བརྩེགས་བཞག་མི་ལུ་བརྟེན་ ཐོབ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལག་ལེན་འཐབ་ཡོད་པའི་ཅ་ཆས་ཚུ་ བསྐྱར་གསོ་འབད་དེ་ བཙོང་ནི་ཨིན་རུང་ ཅ་ཆས་ཚུ་ རིན་མེད་སྟོང་པར་སྦེ་ འཐོབ་ནི་ལུ་ གདོང་ལེན་བྱུང་བའི་ཤུལ་ལས་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ཀྱི་དོན་ལུ་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ ངོས་ལེན་འབད་ཡི་ཟེར་ཨིན་པས།

ད་ཚུན་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱིས་ ཚོང་འབྲེལ་ལས་འགུལ་༨༡ ཆ་འཇོག་འབད་ཡོདཔ་བཞིན་དུ་ དངུལ་རྩིས་ལྷན་ཁག་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༢༧༤.༥༠ དེ་ཅིག་ ཆ་འཇོག་འབད་ནུག།

ལས་འགུལ་ཚུ་ ཐོན་སྐྱེད་དང་ཞབས་ཏོག་ དེ་ལས་ སོ་ནམ་དང་འབྲེལ་བའི་ ཚོང་འབྲེལ་ཚུ་ལུ་ གཞི་བཞག་ཐོག་ལས་ ཆ་འཇོག་འབད་མི་དེ་གིས་ ནང་འདྲེན་གྱི་ ཚབ་བཙུགས་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།

ལས་འགུལ་ཚུ་ཡང་ སོ་ནམ་ལས་སྡེ་ནང་༣༠ དང་ ཐོན་སྐྱེད་དང་བཟོ་གྲྭ་ནང་༢༩ དེ་ལས་ ཞབས་ཏོག་ནང་༢༢ ཡོདཔ་ཨིན་པས།

རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་གྱི་མདོ་ཆེན་ བསོད་ནམས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ད་རེས་ ཐབས་ལམ་གྱི་ ལས་འགུལ་དེ་ རྫོང་ཁག་༡༥ ནང་ ཁྱབ་སྟེ་ཡོདཔ་ད་ སྐྱིན་འགྲུལ་ཆ་འཇོག་འབད་མི་ ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༡༣༣.༤༢ ཐོན་སྐྱེད་དང་ སོ་ནམ་ལས་སྡེའི་དོན་ལུ་ དངུལ་ཀྲམ་ས་ཡ་༥༢.༧༠ དེ་ལས་ ཞབས་ཏོག་གི་དོན་ལུ་ དངུལ་ཀྲམ་ས་༨༨.༣༨ ཆ་འཇོག་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྐྱིན་འགྲུལ་དེ་ཡང་ འབྲུག་གི་དངུལ་ཁང་གིས་ ལས་འགུལ་༤༣ དང་ འབྲུག་གོང་འཕེལ་དངུལ་ཁང་གིས་ ལས་འགུལ་༡༦ དེ་ལས་ སི་ཨེསི་ཨའི་དངུལ་ཁང་གིས་ ལས་འགུལ་༢༢ ཀྱི་དོན་ལུ་ སྐྱིན་འགྲུལ་བྱིན་ནུག་ཟེར་ཨིན་པས།

མདོ་ཆེན་གྱིས་ སླབ་མིའི་ནང་ ཞབས་ཏོག་གི་ ལས་འགུལ་ཐད་ལུ་ ཞབས་ཏོག་ཁྱད་རིག་ ཡོངས་འབྲེལ་ཐོག་ལས་ ཚོང་འབྲེལ་འཐབ་ནི་དང་ བརྡ་དོན་འཕྲུལ་རིག་ཞབས་ཏོག་ དེ་ལས་ རྒྱུན་སྐྱོང་ལ་སོགས་པ་ཚུ་ ངོས་ལེན་འབད་དོ་ཟེར་ཨིན་པས།

མ་དངུལ་གྱི་ རྒྱབ་སྐྱོར་བྱིན་པ་ཅིན་ དང་འདོད་བསྐྱེད་མི་ ལེ་ཤ་ཐོན་དོ་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ལས་འགུལ་གྱི་དོན་ལུ་ དྲི་དཔྱད་དང་ གྲོས་འཆར་བཙུགས་མི་༡,༡༨༢ དེ་ཅིག་ འོང་ཡི་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་ཅིན་ ལས་འགུལ་གྱི་ གྲོས་འཆར་དེ་ཡང་ སྐྱིན་འགྲུལ་བྱིན་མི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ བརྟག་ཞིབ་འབད་དོ་ཡོདཔ་བཞིན་དུ་ མ་དངུལ་འཛིན་གྲོལ་མ་འབད་བའི་ཧེ་མར་ ཆ་འཇོག་འབད་མི་ ལས་འགུལ་གྱི་ ས་ཁོངས་ཚུ་ནང་ བརྟག་ཞིབ་འབད་ཞིནམ་ལས་རྐྱངམ་གཅིག་ འབད་དོ་ཟེར་ཨིན་པས།

བཟོ་གྲྭ་འབྲིང་མ་དང་ ཆེ་བའི་དབྱེ་ཁག་དོན་ལུ་ ཚོང་ལཱ་འགོ་མ་བཙུགས་པའི་ཧེ་མར་ སྐྱེད་བརྒྱ་ཆ་༨.༧༥ དང་ ཚོང་འབྲེལ་འགོ་བཙུགསཔ་ད་ སྐྱེད་བརྒྱ་ཆ་༩.༧༥ བཏབ་དགོཔ་ཨིན་པས།

གཞུང་གི་རེ་འདོད་དེ་ཡང་ ཞབས་ཏོག་དེ་གིས་ ཕྱིར་ཚོང་འཐབ་ཚུགསཔ་བཟོ་ནི་དང་ ནང་འདྲེན་མར་ཕབ་འབད་ནི་ འཕྲུལ་རིག་ཡར་དྲག་གཏང་ནི་ ལས་མིའི་དཀའ་ངལ་བསལ་ནི་ དེ་ལས་ ལཱ་གཡོག་གི་གོ་སྐབས་བཟོ་ནིའི་དོན་ལུ་ ཨིན་པས།

རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ལས་འཆར་དང་འཁྲིལཝ་ད་ ལས་འགུལ་གྱི་དོན་ལུ་ སྐྱིན་འགྲུལ་དེ་ཡང་ དངུལ་ཀྲམ་ས་ཡ་༣༠ ལས་བརྒལ་ བྱིན་མི་ཆོག་ནི་ཨིནམ་ད་ གཞུང་ལས་ འགན་ལེན་སྐབས་ དངུལ་ཀྲམ་དུང་ཕྱུར་༣ བྱིན་ནིའི་འཆར་གཞི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *