༉ འདས་པའི་ཉིན་གྲངས་༢ ཀྱི་རིང་ལུ་ རྒྱལ་ས་ལྟེ་བ་ལུ་སྦེ་ ཨེ་ཤི་ཡཱན་ སྤྱི་ཚོགས་ཚོགས་འདུའི་ མི་སྡེ་དང་ ལམ་སྲོལ་གཏན་འཇགས་ཚོགས་ཆུང་གི་ ཞལ་འཛོམས་འགོ་དང་པ་ འཚོགས་མི་དེ་ནང་ འཐུས་མི་རྒྱལ་ཁབ་༢༠ ཀྱི་བར་ན་ ལམ་སྲོལ་བརྗེ་སོར་ཐོག་ལས་ གོང་འཕེལ་གཏང་ནིའི་སྐོར་ གསུང་གྲོས་གནང་མི་དེ་ དུས་ཐོག་ལུ་ཨིན་མས།
དེ་མ་ཚད་ ལམ་སྲོལ་འདི་ འབྲུག་གི་དོན་ལུ་ རང་དབང་རང་བཙན་གྱི་ ངོ་རྟགས་ངོ་མ་ཅིག་ཨིནམ་ལས་ ད་རེས་ ལམ་སྲོལ་དང་འབྲེལ་བའི་ཞལ་འཛོམས་ འབྲུག་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་མི་དེ་ འོས་འབབ་དང་ འབྲེལ་གནད་སྦོམ་ཡོད་པའི་ མཐོང་གསལ་བྱུང་ཡི།
དེ་གི་ནང་དོན་ཉིད་ལས་ཡང་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ རྒྱལ་ཁབ་ནང་ དངོས་ཅན་དང་ དངོས་མེད་ཀྱི་ ལམ་སྲོལ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ཐབས་ལུ་ འབྲུག་གི་ལམ་སྲོལ་སྲིད་བྱུས་ཡིག་ཆ་དེ་ གཞུང་གིས་ ཆ་འཇོག་འགྲུབ་གནང་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོདཔ་ཨིན།
ད་རུང་ ཚོགས་ཆུང་དེ་གིས་ ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་རུ་ གྲོས་འདེབས་ཁག་༢༡ ཕུལ་ཡོད་མིའི་གྲས་ལས་༡ རྒྱལ་ཡོངས་སྐད་ཡིག་དང་ ཁ་སྐད་ཚུ་ ཉམས་སྲུང་དང་ བདག་འཛིན་འཐབ་ནི་དེ་ཨིན་མས།
གོང་འཕེལ་གྱི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ ཡོད་མིའི་ནང་ཡང་ ཀ་ཆེན་༡ ལམ་སྲོལ་གོང་འཕེལ་གཏང་ནི་དེ་ཨིནམ་ད་ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ཡང་ རྒྱལ་ཁབས་ཀྱིས་ མི་སྡེ་དང་ མི་སེར་གྱི་ ལམ་སྲོལ་འཚོ་བ་འབྱོར་ཐབས་ལུ་ དྲན་རྟེན་དང་ སྒྱུ་རྩལ་ ཡང་ཅིན་ རྒྱལ་རབས་ཅན་གྱི་ ས་ཁོངས་དང་ ཅ་དངོས་ རྫོང་གཞིས་ ལྷ་ཁང་ དགོན་སྡེ་ རྟེན་གསུམ་ གནས་ སྐད་ཡིག་ རྩོམ་རིག་ སྒྲ་དབྱངས་ མཐོང་སྣང་གི་སྒྱུ་རྩལ་ ཆོས་ལུགས་བརྩིས་པའི་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་འདི་ གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ འཁོད་དེ་ཡོདཔ་ཨིན།
འདི་འབདཝ་ལས་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ གཞུང་ལུ་ གྲོས་འདེབས་ཕུལ་མི་དེ་ཡང་ རྩ་ཁྲིམས་ནང་ སྤྱི་ཚོགས་ཀྱིས་ འབྲུག་པའི་མི་སྡེའི་ ལམ་སྲོལ་གྱི་ འབྱོར་པ་མདུན་སྐྱོད་ཀྱི་ རྒྱུ་རྐྱེན་ལུ་ དགོས་མཁོ་དང་བསྟུན་པའི་ ཁྲིམས་ཚུ་བརྩམ་ཆོག་ནི་དེ་གིས་ཨིན་མས།
ད་རེས་ནངས་པར་ ངལམ་སྲོལ་གྱི་གྲས་ལས་ རྒྱལ་ཡོངས་སྐད་ཡིག་དེ་ འབྲི་ལྷག་གི་ གནས་སྟངས་ལུ་ བལྟ་བ་ཅིན་ ཉམས་ནི་གི་ གནས་སྐབས་ནང་ ལྷོད་ཡོདཔ་ལས་ ང་བཅས་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ཡོད།
དེ་ཡང་ རྒྱལ་ཁབ་ནང་ མི་མང་ལུ་ བརྡ་སྤེལ་འབད་མི་ གསར་ཤོག་རྙིང་ཤོས་ཅིག་ཨིན་མི་ རྫོང་ཁའི་ཀུན་གསལ་གསར་ཤོག་ལས་ མངོན་གསལ་བྱུངམ་ཨིན་མས།
ལོ་ངོ་༥༢ ཀྱི་ཧེ་མ་ ཀུན་སྤེལ་ལས་ཁུངས་ཀྱིས་ གཞུང་དང་མི་སེར་གྱི་བར་ན་ བརྒྱུད་འབྲེལ་གྱི་ཟམ་བཟུམ་ཅིག་ལུ་དམིགས་ཏེ་ ཟླ་རིམ་གྱི་གསར་ཤོག་འབད་ ཆོས་སྐད་ཐོག་ལུ་ སྤར་སྐྲུན་འབད་ནི་ འགོ་བཙུགས་པའི་སྐབས་ལུ་ རྫོང་ཁ་དང་ ཆོས་སྐད་གཉིས་ཆ་ར་ ཡོངས་གྲགས་ཡོདཔ་བཞིན་དུ་ གཞུང་འབྲེལ་ཡིག་འགྲུལ་ཚུ་ཡང་ རྫོང་ཁ་ནང་ ལག་ལེན་འཐབ་ནི་དེ་གིས་ རྒྱལ་ཡོངས་སྐད་ཡིག་གི་ ཤེས་ཡོན་ཡོད་མི་ཚུ་ལུ་ ངོས་འཛིན་དང་ བརྩི་མཐོང་སྦོམ་ཡོདཔ་ཨིན་མས།
འདི་འབདཝ་ད་ རྒྱལ་ཁབ་ནང་ དེང་སང་གི་ཤེས་ཡོན་ ཨིང་ལིཤ་སློབ་སྟོན་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ རྫོང་ཁའི་ཤེས་ཡོན་ཡོད་མི་དང་ རྫོང་ཁའི་ཐོག་ལུ་ ལཱ་འབད་མི་ཚུ་ འགྲོས་ཀྱིས་བཏང་སྟེ་ བརྩི་མཐོང་ཆུང་སུ་འགྱོ་བའི་ཁར་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ གདོང་ལེན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
མ་གཞི་ རྫོང་ཁའི་ཀུན་གསལ་གསར་ཤོག་གི་ཐད་ཁར་ སྤྱི་ལོ་༡༩༦༥ ལས་ མདུན་སྐྱོད་འབད་དེ་ བསམ་བརྗོད་ལས་འདས་པའི་ ལེགས་བསྒྱུར་དང་ གོང་འཕེལ་སོང་ཡོད་རུང་ ད་རེས་ནངས་པའི་ མི་རབས་ཚུ་གིས་ རྫོང་ཁའི་ཤེས་ཡོན་ལྷབ་ནི་ལུ་ སྤྲོ་བ་ཞན་མི་ལུ་བརྟེན་ འབྲུག་པའི་ལམ་སྲོལ་ནང་ ཆ་ཤས་གནད་འགག་ཅན་ཨིན་མི་ རྒྱལ་ཡོངས་སྐད་ཡིག་འདི་ ཡལ་ཉམས་འགྱོ་ནི་གི་ གནས་སྟངས་ནང་ ལྷོད་ཡོདཔ་བཟུམ་མཐོངམ་མས།
གལ་སྲིད་ གཞུང་དང་རྒྱལ་ཁམས་ཀྱི་ ཁ་ཐུག་ལས་ རྒྱལ་ཡོངས་སྐད་ཡིག་ མི་ཉམས་གོང་འཕེལ་གཏང་ཐབས་ལུ་ དམིགས་བསལ་གྱི་ ཐབས་ལམ་དང་ གཙོ་རིམ་མ་བཟུང་པ་ཅིན་ རྫོང་ཁ་དེ་ མདུན་སྐྱོད་མེད་པར་ ལུས་ནི་དང་ མཐར་ཐུག་ལུ་ རྒྱལ་ཡོངས་ཀྱི་ ངོ་རྟགས་དེ་ཡང་ ཡལ་ཉམས་འགྱོ་ནི་གི་ ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།
Check Also
བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།
༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …