རྒྱལ་ཡོངས་སྐད་ཡིག་གི་གནས་སྟངས?

༉ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ སྤྱིར་བཏང་སློབ་དཔོན་ཚུ་གིས་མེན་པར་ རྫོང་ཁའི་གཞི་རྟེན་ཤེས་ཡོན་ཡོད་མི་རྐྱངམ་གཅིག་གིས་ རྫོང་ཁའི་ཆོས་ཚན་ སྟོན་དགོཔ་སྦེ་ བཟོ་མི་དེ་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ མི་ཉམས་གོང་འཕེལ་གཏང་ནིའི་ ལྷན་ཐབས་ལུ་ཨིན་མས།
ད་ཚུན་གྱི་བར་ན་ སློབ་ཕྲུག་ཚུ་ལུ་ རྫོང་ཁའི་གཞི་རྟེན་ ལེགས་ཤོམ་མེད་མི་དེ་ སློབ་གྲྭ་ཚུ་ནང་ རྫོང་ཁ་སློབ་དཔོན་ལངམ་མེདཔ་ལས་ སྤྱིར་བཏང་སློབ་དཔོན་ཚུ་གིས་ བྱ་ཐབས་མེད་པར་ སློབ་སྟོན་འབད་མི་ལུ་བརྟེན་ཨིནམ་སྦེ་ ལ་ལོ་གིས་ ལོ་རྒྱུས་སླབ་མི་ཐོན་ཡོདཔ་བཞིན་དུ་ སྤྱིར་བཏང་མི་མང་གིས་ཡང་ ངོས་ལེན་འབད་དེ་ཡོདཔ་ཨིན།
སློབ་ཕྲུག་ཚུ་གིས་ རྫོང་ཁའི་ཆོས་ཚན་ལྷབ་ནི་ལུ་ སྤྲོ་བ་མ་བསྐྱེད་མི་དང་ ཐ་ན་ རང་སོའི་མིང་ཡང་ ཡིག་སྡེབ་ཚངམ་སྦེ་ འབྲི་མ་ཤེས་མི་དེ་ཡང་ རྒྱུ་རྐྱེན་དེ་ལུ་བརྟེན་ཨིནམ་སྦེ་ སླབ་ཨིན་མས།
འདི་འབདཝ་ད་ སློབ་ཕྲུག་ཚུ་གིས་ རྒྱལ་ཡོངས་སྐད་ཡིག་གི་ ཆོས་ཚན་ཚུ་ལུ་ དང་འདོད་དང་ སྤྲོ་བ་མ་བསྐྱེད་མི་དེ་ སློབ་དཔོན་ཚུ་ལུ་བརྟེན་རྐྱངམ་གཅིག་མེན་པར་ སློབ་ཁང་ཚུ་ནང་ སྟོན་ཚན་གྱི་དུས་ཚོད་ ཚད་གཅིག་ལས་བརྒལ་ མེད་མི་དང་ རྩ་གཞུང་ཚུ་ཡང་ སྤྲོ་བ་ཆེ་ཏོག་ཏོ་མེད་མི་དེ་གིས་ཡང་ ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་ཞན་བཅུགཔ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ ཤེས་རིག་རྩ་གཞུང་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ བགོ་བཀྲམ་འབད་མི་ ཚིག་མཛོད་ཚུ་ནང་ མིང་ཚིག་དང་ སྡེབ་སྦྱོར་མ་འདྲཝ་སྦེ་ཡོད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ མགུ་འཐོམ་བྱུང་མི་དེ་གིས་ཡང་ རྫོང་ཁ་གོང་འཕེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོད་པའི་ མངོན་གསལ་བྱུང་ཡོད།
མ་གཞི་ རྒྱལ་ཡོངས་སྐད་ཡིག་ མར་ཉམས་འགྱོ་བའི་སྐོར་ལས་ སྤྱི་ཚོགས་ནང་ཡང་ ལོ་བསྟར་བཞིན་དུ་ གསུང་གྲོས་གནང་བཞིན་དུ་ཡོདཔ་མ་ཚད་ འདས་པའི་བདུན་ཕྲག་ནང་ཡང་ རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་གནང་ཡོད་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐབས་ལམ་སྣ་ཚོགས་ བཏོན་པའི་བསྒང་ཡོད་ཟེར་ སྙན་ཞུ་ཕུལཝ་མ་གཏོགས་ གྲུབ་འབྲས་གསལ་སྟོན་འབད་ནི་མེད་མི་ལུ་ བལྟ་བ་ཅིན་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ནི་གི་ སྲིད་བྱུས་དེ་ བརྩི་ཁུངས་མེད་པར་ ཤོག་གུའི་ནང་ བཀོད་བཞག་ཡོདཔ་ལས་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
གཞུང་སྐད་གོང་འཕེལ་གཏང་ནི་གི་ འགན་ཁུར་དེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ ཕོགཔ་ཨིན་རུང་ གཞུང་ལས་ འཆར་དངུལ་ལངམ་སྦེ་ བགོ་བཀྲམ་མ་གནང་པ་ཅིན་ རྒྱལ་ཡོངས་སྐད་ཡིག་ གོང་འཕེལ་དང་ དར་ཁྱབ་གཏང་ནི་གི་ ལས་སྣ་ཚུ་ འགོ་འདྲེན་འཐབ་མི་ཚུགས།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་མིང་ཚིག་དང་ བརྡ་གཞུང་ལག་ལེན་འཐབ་ཐངས་ཚུ་ གཅིག་མཚུངས་བཟོ་མ་ཚུགས་པའི་ཁར་ རྫོང་ཁ་ཨིང་ལིཤ་ཤན་སྦྱར་ཚིག་མཛོད་དང་ ཨིང་ལིཤ་རྫོང་ཁའི་ཚིག་མཛོད་ཚུ་ནང་ སྡེབ་སྦྱོར་མ་འདྲཝ་ ཡོད་མི་ཚུ་ དུས་མཐུན་བཟོ་མ་ཚུགས་མི་དེ་ཡང་ མ་དངུལ་མེད་མི་ལུ་བརྟེན་ཨིན་མས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་ནང་ཡང་ སྐད་ཡིག་གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ རྒྱལ་ཁམས་ཀྱིས་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ འཁོད་དེ་ཡོདཔ་བཞིན་དུ་ གལ་སྲིད་ གཞུང་གིས་ རྒྱལ་ཡོངས་སྐད་ཡིག་ གོང་འཕེལ་དང་ དར་ཁྱབ་གཏང་ནིའི་དོན་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ བགོ་བཀྲམ་མ་གནང་པ་ཅིན་ རྫོང་ཁ་ལུ་ བརྙས་བཅོས་དང་ རྩ་ཁྲིམས་ཆེན་མོ་ལུ་ གུས་ཞབས་མེདཔ་བཟུམ་ཅིག་ འགྱོ་ནི་ཨིན་མས།
འབྲུག་གི་རྒྱལ་ཡོངས་སྐད་ཡིག་ གོང་འཕེལ་གཏང་པ་ཅིན་ གཞི་རྟེན་དེ་ སློབ་གྲྭ་ནང་ལས་ར་ འགོ་བཙུགས་དགོཔ་བཞིན་དུ་ དེ་གི་དོན་ལུ་ སྤུས་ཚད་ཅན་གྱི་ རྫོང་ཁའི་སློབ་དེབ་ཚུ་ བགོ་བཀྲམ་འབད་དགོཔ་མ་ཚད་ སྟོན་ཚན་ཚུ་ཡང་ མངམ་བཟོ་དགོ་པའི་ཁར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ཡང་ ཡིག་ཚང་དང་འབྲེལ་བའི་ ཕྱག་ལཱ་གནང་བཞུགས་ནི་རྐྱངམ་གཅིག་མེན་པར་ འཆར་དངུལ་དང་བསྟུན་པའི་ འགན་འཁྲི་བཀལ་དགོཔ་དེ་ཡང་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།

About admin

Check Also

གླངམོ་ཆེ་དང་ མིའི་བྲེལ་ཟིང་ ནམ་བསལ་ཚུགས་ནི་སྨོ?

༉ དགེ་ལེགས་ཕུག་ལུ་ ལོ་བསྟར་བཞིན་དུ་འོང་མི་གླངམོ་ཆེ་ཚུ་ ཁྲོམ་དང་གཡུས་སྒོ་ཚུ་ནང་ ལོག་འཛུལ་ནི་འགོ་བཙུགས་ཡོདཔ་ལས་ གླངམོ་ཆེ་ཁྱུ་སྦེ་འོངམ་ད་ རྗེས་ཤུལ་ཅིག་ལས་ མི་ལུས་དོ་ཡོད་མི་དེ་ཡང་ སེམས་ཅན་དེ་གིས་ ལོ་ཐོག་དང་ཁྱིམ་ ཡང་ན་ མིའི་ཚེ་སྲོག་ལུ་ གནོདཔ་བཀལ་མི་དེ་ཨིན་མས། ད་ཚུན་ འཇིགས་མེད་གླིང་གི་ས་ཁོངས་ནང་ …

Leave a Reply

Your email address will not be published. Required fields are marked *