རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་གིས་ སྐྱིན་འགྲུལ་ཐེར་འབུམ་༡.༢༩ བྱིན་ཡོདཔ།

༉ གཞུང་གིས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ གཞི་བཙུགས་འབད་དེ་ ལོ་༡ གི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུབ་༡.༢༩ སྐྱིན་འགྲུལ་བྱིན་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཇོ་མོ་གཙང་ཁ་-མར་ཚ་ལའི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ དངུལ་ཁང་བཙུགས་ཡོད་རུང་ སྐྱིན་འགྲུལ་ཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་ཐོན་ཏེ་ཡོད་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ དངུལ་རྩིས་བློན་པོ་གིས་ཞུ་ཡི།

འཐུས་མི་ནོར་བུ་དབང་འཛོམས་ཀྱིས་འབད་བ་ཅིན་ སྐྱིན་འགྲུལ་མ་ཐོབ་མི་དེ་ཡང་ མ་རྩ་མེད་མི་ལུ་བརྟེན་ཨིན་མས་ཟེར་ཨིནམ་ད་ ད་ལས་ཕར་ གཞུང་གིས་ དཀའ་ངལ་བསལ་ནིའི་དོན་ལུ་ སྲིས་བྱུས་དང་ ཐབས་བྱུས་ཚུ་ ག་ཅི་ར་ཡོད་ག་ཟེར་ ཞུ་བའི་ཁར་ ཧེ་མ་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལུ་ མ་རྩ་དངུལ་ཐེར་འབུམ་༥ བཙུགས་མི་ལས་ ལྷག་ལུས་ག་དེམ་ཅིག་ཡོད་ག་ཟེར་ཞུ་ཡི།

དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ནང་ སྐྱིན་འགྲུལ་བྱིན་ནི་ལུ་ ཏི་རུ་ལངམ་སྦེ་ར་ ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༢༠ ཟླ་༢ པའི་ནང་ དངུལ་ཁང་གཞི་བཙུགས་འབད་བའི་སྐབས་ གཞུང་གི་ཁ་ཐུག་ལས་ གནང་བྱིན་སྦེ་ དངུལ་ཀྲམ་ས་ཡ་༧༡༢ བཙུགས་ཅི་ཟེར་ཞུ་ཡི།

ལོ་༡ གི་ནང་འཁོད་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༨༠༠ དེ་ཅིག་ བྱིན་ཡོདཔ་བཞིན་དུ་ ཧེ་མ་ འཆར་གཞི་༡༡ པའི་ནང་ འབྲུག་ཚོང་འབྲེལ་བརྡ་དོན་ལྟེ་བ་དང་ གྲོང་གསེབ་ཚོང་ལས་གོང་འཕེལ་དངུལ་ཁང་སྦེ་ ལག་ལེན་འཐབ་པའི་སྐབས་ ལོ་༣ གྱི་ནང་འཁོད་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣༠༠ ལས་བརྒལ་ མ་བྱིན་པས་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་ཡི།

དངུལ་རྩིས་བློན་པོ་གིས་ དངུལ་ཁང་དེ་ གཞི་བཙུགས་འབད་དེ་ ཟླཝ་༡༦ གི་ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡.༢༩ དེ་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ཡོདཔ་བཞིན་དུ་ དེ་དང་བསྟུན་པའི་ ལཱ་གཡོག་གི་ གོ་སྐབས་དང་ ཚོང་ལམ་ཚུ་ཡང་ བཟོ་སྟེ་ཡོད་ཟེར་ཞུ་ཡི།

སྐྱིན་འགྲུལ་གྱི་ དབྱེ་ཁག་ནང་འབད་བ་ཅིན་ སོ་ནམ་ལས་སྡེ་ནང་ དངུལ་ཀྲམ་ས་ཡ་༥༠༠ དང་ སྒོ་ནོར་གོང་འཕེལ་ནང་ དངུལ་ཀྲམ་ས་ཡ་༤༦༡ དེ་ལས་ དངུལ་ཀྲམ་ས་ཡ་༢༠༠ དེ་ བཟོ་གྲྭ་དང་ ཞབས་ཏོག་ལས་སྡེ་ནང་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༩༢ དང་ ཚོང་ལས་འཕྲོ་མཐུད་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣༣ བརྩིས་ཏེ་ དངུལ་ཀྲམ་ཐེར་འབུམ་༡.༢༩ དེ་ཅིག་ འཛིན་གྲོལ་འབད་ནུག་ཟེར་ཨིན་པས།

མཁར་-གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་གྱིས་ ཞུ་མིའི་ནང་ ཨམ་སྲུ་ཚུ་གིས་ ཐགས་འཐག་ནི་གི་ སྤྲོ་བ་དང་ དང་འདོད་ཡོད་རུང་ སྐྱིན་འགྲུལ་དེ་ དངུལ་ཀྲམ་༥༠,༠༠༠ ལས་བརྒལ་ མ་ཐོབ་པའི་ ལོ་རྒྱུས་བཤད་ཡོདཔ་ལས་ སྐྱིན་འགྲུལ་གྱི་ ཞབས་ཏོག་དེ་ ཨམ་སྲུ་ཚུ་ལུ་ཡང་ འདྲན་འདྲ་སྦེ་ བྱིན་དགོཔ་འདུག་ཟེར་ཨིན་པས།

དངུལ་རྩིས་བློན་པོ་གིས་ སྐྱིན་འགྲུལ་ཚུ་ བྱིན་པའི་སྐབས་ དངུལ་ཁང་གི་ སྒྲིག་གཞི་ཚུ་ལུ་ གནས་དགོ་ཟེར་ཞུ་བའི་ཁར་ ད་ལྟོ་ དཔལ་འབྱོར་གྱི་ ལྷན་ཐབས་འབད་ནི་ལུ་ སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་དང་ གཞུང་གི་སྐྱིན་འགྲུལ་འགན་ལེན་ལས་འཆར་ གཞི་བཙུགས་འབད་དེ་ཡོད་ཟེར་ཞུ་ཡི།

ང་བཅས་ཀྱིས་ སྐྱིན་འགྲུལ་དེ་ཡང་ གྲུབ་འབྲས་ཅན་དང་ གཡོག་བྱིན་ཚུགས་པའི་ ལས་སྡེ་ལུ་ ག་དེ་དྲག་དྲག་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡོདཔ་མ་ཚད་ ཐགས་རིགས་བཟོ་སྐྲུ་དང་བསྟུན་པའི་ ལས་སྡེའི་དོན་ལུ་ ཞུ་ཡིག་བཙུགས་མི་༣༣༩ ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥༣ བྱིན་ནུག་ཟེར་ཞུ་ཡི།

གཞུང་གིས་ སྤྱི་ལོ་༢༠༢༡ རྐྱངམ་གཅིག་ནང་ར་ གནང་བྱིན་དངུལ་ཀྲམ་ས་ཡ་༡༥༨ བྱིན་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ འཆར་གཞི་༡༡ པ་ འགོ་བཙུགས་པའི་སྐབས་ ཕྱིའི་གནང་བྱིན་ལས་སྦེ་ དཔལ་འབྱོར་གོང་འཕེལ་ལས་སྣའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥ བཞག་མི་ལས་ ཐེར་འབུམ་༢.༡ དངུལ་ཁང་ཚུ་ལུ་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལུ་ བགོ་བཀྲམ་འབད་ནུག་ཟེར་ཞུ་ཡི།

ད་རེས་ དངུལ་ཁང་ཚུ་གིས་ གཞུང་ལུ་ སྐྱེད་དུམ་གྲ་ཅིག་ སྤྲོད་བཞིན་དུ་ཡོདཔ་ད་ དེ་བཟུམ་སྦེ་ དངུལ་ཀྲམ་ཐེར་འབུམ་༡.༩ དེ་ གཞུང་་༢ པའི་སྐབས་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ འབྲུག་ཚོང་འབྲེལ་བརྡ་དོན་ལྟེ་བའི་ དངུལ་ཁང་ལུ་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།

ཨིན་རུང་ དངུལ་ཁང་དེ་ ལག་ལེན་འཐབ་པའི་སྐབས་ ལྡོག་ཕྱོགས་དང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲིམས་མཐུན་མེད་པའི་ ཉོགས་བཤད་བཀོད་པའི་ཤུལ་ལས་ ལེགས་བསྒྱུར་འབད་ཞིནམ་ལས་ སྤྱི་ལོ་༢༠༡༦ ལུ་ ཚོང་ལས་ཕྲ་རབ་ཚུ་ལུ་ སྐྱིན་འགྲུལ་བྱིན་ནིའི་དོན་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་གཞི་བཙུགས་འབད་ནུག་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།

དངུལ་རྩིས་བློན་པོ་གིས་ དངུལ་ཁང་ནང་ དབྱེ་ཁག་༢ བཟོ་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་༡.༥ འབད་མི་ དབྱེ་ཁག་དང་པ་དེ་ འབྲུག་གོང་འཕེལ་དངུལ་ཁང་གིས་ ལག་ལེན་འཐབ་ཡོདཔ་ད་ དངུལ་ཀྲམ་ས་ཡ་༤༠༠ དེ་ ཚོང་ལས་ཕྲ་རབ་ཚུ་ལུ་ དངུལ་ཀྲམ་འབུམ་༥ འོག་རྒྱུ་ལུ་ སྐྱིན་འགྲུལ་བྱིན་ནིའི་དོན་ལས་ གྲོང་གསེབ་ཚོང་ལས་གོང་འཕེལ་དངུལ་ཁང་ གཞི་བཙུགས་འབད་ནུག་ཟེར་ཨིན་པས།

དངུལ་ཁང་ཚུ་ནང་ མ་རྩ་གཞི་བཙུགས་འབད་མི་ཚུ་ མི་སེར་ཚུ་གི་ སྐྱིན་འགྲུལ་སྦེ་ བྱིན་ཏེ་ཡོདཔ་བཞིན་དུ་ སྐྱིན་འགྲུལ་བཏབ་མ་ཚུགས་མི་ བརྒྱ་༣༠ དེ་ཅིག་འདུག་ཟེར་ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *