རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ པདྨ་ཚེ་དབང་གིས་ གློག་རིག་ཡོངས་འབྲེལ་རིམ་ལུགས་གསརཔ་༢ འགོ་འབྱེད་འབད་བའི་བསྒང་།

རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གློག་རིག་ཡོངས་འབྲེལ་རིམ་ལུགས་གསརཔ་༢ འགོ་འབྱེད་འབད་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ མི་མང་ཞབས་ཏོག་ ཡར་དྲག་གཏང་ནིའི་དོན་ལུ་ གློག་རིག་ཡོངས་འབྲེལ་རིམ་ལུགས་གསརཔ་༢ འགོ་འབྱེད་འབད་ཡི།

འབྲུག་ས་ཆ་ཌེཤི་བོརཊ་དང་ ང་གི་རྒྱལ་ཡོངས་ས་ཆ་ལྷན་ཚོགས་རིམ་ལུགས་ཟེར་མི་ རིམ་ལུགས་གསརཔ་༢ འགོ་འབྱེད་འབད་ཡོདཔ་ད་ ང་གི་རྒྱལ་ཡོངས་ས་ཆ་ལྷན་ཚོགས་རིམ་ལུགས་ནང་ ཡོངས་འབྲེལ་ཞབས་ཏོག་ འཚོལ་ཞིབ་ལམ་ལུགས་དང་ གློག་འཕྲིན་འཛིན་སྐྱོང་རིམ་ལུགས་ཀྱི་ ཞབས་ཏོག་ཚུ་ཡོདཔ་ཨིན་པས།

རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་ ལས་སྣ་ལེ་ཤ་ཡོད་པའི་གྲས་ལས་ མི་མང་ཞབས་ཏོག་མཁོ་སྤྲོད་ ཡར་དྲག་གཏང་ནི་དང་ འཇོན་ཐངས་ཅན་སྦེ་བྱིན་ནི་དེ་ ལྷན་ཚོགས་ཀྱི་ འགན་ཁུར་ངོ་མ་ཅིག་ཨིན་པས།

ལྷན་ཚོགས་ཀྱི་ སྲིད་བྱུས་དང་ འཆར་གཞི་སྡེ་ཚན་ལས་ པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འབྲུག་ས་ཆ་ཌེཤ་བོརཊ་དེ་གིས་ ས་ཆ་བསྐྱར་འཇལ་གྱི་བརྡ་དོན་ཚུ་ ཡོངས་རྫོགས་སྦེ་ ཤེས་ཚུགས་ནི་དང་ ས་ཆ་དང་འབྲེལ་བའི་བརྡ་དོན་ཚུ་ འཕྲལ་འཕྲལ་ར་ ནོར་འཕྲུལ་བྱུང་མི་ཚུ་ཡང་ རིམ་ལུགས་དེ་གིས་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།

དེ་མ་ཚད་ འཆར་གཞི་དང་ སྲིད་བྱུས་བརྩམ་མི་ཚུ་གིས་ ས་གནས་ག་ཏེ་ཡོད་རུང་ ས་ཆ་དང་འབྲེལ་བའི་ བརྡ་དོན་ཁ་གསལ་ཚུ་ འཐོབ་ཚུགས་ཟེར་ཨིན་པས།

པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ས་ཆ་ཧམ་འཛུལ་དང་ ས་ཆ་དབྱེ་ཁག་ ས་ཆའི་གནས་སྟངས་ ས་ཆ་སྤོ་སོར་ལྟ་རྟོག་ ལུང་ཕྱོགས་ཀྱི་ ས་ཆ་གནས་སྡུད་དཔྱད་ཞིབ་ དེ་ལས་ རྫོང་ཁག་དང་ རྒེད་འོག་གནས་ཚད་ཀྱི་ ས་ཆའི་གནས་སྡུད་ཀྱི་ དཔྱད་ཞིབ་ཀྱི་ སྙན་ཞུ་ཚུ་ཡང་ འཐོབ་ཚུགས་ཟེར་ཨིན་པས།

རིམ་ལུགས་ཀྱི་ གནས་སྡུད་ཚུ་ཡང་ ཡིག་ཚང་ནང་དགོས་མཁོ་ གནམ་ར་འཐོན་རུང་ འབྱུང་ཁུངས་ངོ་མ་སྦེ་ ལག་ལེན་འཐབ་ནི་ཨིན་པས།

དེ་བཟུམ་སྦེ་ ཡོངས་འབྲེལ་ཞབས་ཏོག་ འཚོལ་ཞིབ་ལམ་ལུགས་ཀྱིས་ ད་རེས་ ཡིག་ཚང་གི་ ཡིག་ཆ་ཚུ་ འཕྲལ་འཕྲལ་སྦེ་ར་ ཡིག་ཆ་སོར་སོ་དང་ འཛོལ་ཏེ་འགྱོ་དོ་ཡོདཔ་ལས་ འཚོལ་ཞིབ་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པའི་ཁར་ ད་རེས་ནངས་པར་ ས་ཉོ་བཙོང་ཡར་འཕར་སོང་མི་ཚུ་ཡང་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་ཚུགས་ནི་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རིམ་ལུགས་དེ་གིས་ ས་ཆ་ལས་སྡེ་ཚུ་ནང་ ས་ཆ་དང་འབྲེལ་བའི་ ཞབས་ཏོག་འཛིན་སྐྱོང་དང་ ཐོ་བཀོད་བཞག་ནི་ལུ་ ཁེ་ཕན་སྦོམ་ཡོདཔ་མ་ཚད་ འགན་འཁྲི་དྭངས་གསལ་དང་ ས་ཆ་ཞབས་ཏོག་ནང་ ནོར་འཕྲུལ་བྱུང་མིའི་ནང་ དགག་བཤེར་དང་ཚད་མཉམ་ཐོག་ལས་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།

གློག་འཕྲིན་འཛིན་སྐྱོང་རིམ་ལུགས་ཐད་ཁར་ གློག་འཕྲིན་ལེན་ཐོག་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ གཏང་ནི་དང་ ཡིག་ཆ་ལྷོད་པའི་ལོ་དང་ ཚེས་གྲངས་ ཟླཝ་ལ་སོགས་པ་བཙུགས་ཏེ་ སྙན་ཞུ་བཟོ་ནི་ ད་རེས་ གློག་འཕྲིན་ག་ཅི་ར་ལྷོད་རུང་ ལོག་ཤོག་གུ་ཐོག་ལས་ བྱིན་མི་ལུ་བརྟེན་ གློག་འཕྲིན་གྱི་ གནས་སྟངས་ཚུ་ ཧ་མི་གོ་དོ་ཡོདཔ་ལས་ དེ་གིས་ ཤེས་རྟོགས་འབྱུང་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤད་ཅི་།

པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་དང་ཕྱདཔ་ད་ ད་རེས་ ལྷན་ཚོགས་ཀྱིས་ ཡོངས་འབྲེལ་གྱི་ རིམ་ལུགས་ཚུ་ གཞི་བཙུགས་འབདཝ་ལས་ཚུར་ རྒྱལ་ཁབ་ནང་ ས་ཆ་དང་འབྲེལ་བའི་ མི་མང་ཞབས་ཏོག་ཚུ་ ལྷག་པར་དུ་ ཡར་དྲག་སོང་སྟེ་ ཡོད་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ནང་ ཡོངས་འབྲེལ་ཐོག་ལས་ གྲོང་གསེབ་ས་ཁྲམ་སྤོ་སོར་ལམ་ལུགས་དང་ ཁྲོམ་སྡེ་ས་ཆ་དང་ རྒྱུ་དངོས་ཉོ་བཙོང་དང་ ས་ཆ་སྤོ་སོར་གྱི་ལམ་ལུགས་ཅིག་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ འགོ་འབྱེད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *