ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སྤྱི་ལོ་༢༠༢༠ ཟླ་༣ པ་དེ་ཅིག་ལས་ སྒོ་བསྡམས་བཞག་པའི་ཤུལ་ལུ་ ཁ་ཙ་ལས་ མི་མང་གི་དོན་ལུ་ ལོག་སྟེ་སྒོ་ཕྱེ་ནུག།

རྒྱལ་ཡོངས་རྗེས་དྲན་མཆོག་རྟེན་ ལོག་སྒོ་ཕྱེ་ཡོདཔ།

༉ ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལོ་ཕྱེད་དང་གཉིས་ལྷགཔ་ཅིག་གི་རིང་ སྒོ་བསྡམས་བཞག་པའི་ཤུལ་ལུ་ ཁ་ཙ་ མི་མང་གི་དོན་ལུ་ ལོག་སྟེ་སྒོ་ཕྱེ་ནུག།

ཨིན་རུང་ གསོ་བའི་སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཡང་ མཆོད་རྟེན་བསྐོར་ར་རྐྱབ་མི་དང་ དཀར་མེ་ཕུལ་བར་འགྱོ་མི་ དད་ཅན་ཚུ་ མཆོད་རྟེན་གྱི་ སྒོ་ར་ལས་ ནང་ན་མ་འཛུལ་བའི་ཧེ་མར་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་གིས་ འཛིན་སྐྱོང་འཐབ་སྟེ་ འབྲུག་ཊཱེསི་རིམ་ལུགས་དང་ ལགཔ་གུ་དབུར་ནིའི་སྨན་ཆུ་ ལག་ལེན་འཐབ་བཅུགཔ་མ་ཚད་ ཁ་རས་ལག་ལེན་དང་ བར་ན་ས་སྟོང་བཞག་དགོ་པའི་ དྲན་བསྐུལ་འབདཝ་ཨིན་པས།

ལྷུན་རྩེ་ལས་ སྐྱེས་ལོ་༦༡ ལང་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ དགོངས་རྫོགས་མཆོད་རྟེན་ཟེར་ཡང་ཞུ་མི་ རྗེས་དྲན་མཆོད་རྟེན་བྱིན་ཅན་དེ་ ནམ་སྒོ་ཕྱེ་འོང་ག་ཟེར་ སག་ལང་སྟེ་ བསྒུགས་སྡོད་པའི་མཐའ་མར་ ད་རིས་སྒོ་ཕྱེཝ་ལས་ སེམས་དགའ་ཡི་ཟེར་ཨིན་པས།

ཁོ་བཟུམ་མའི་ ལོ་ན་རྒས་མི་ཚུ་གི་དོན་ལུ་ དགེ་བ་བསྒྲུབ་ནི་ཟེར་རུང་ མ་ཎི་བགྱང་ནི་དང་ བསྐོར་ར་རྐྱབ་ནིའིང་ ས་གོ་དེ་ར་ མཆོད་རྟེན་འདི་ཨིན་ཟེར་ ད་ཚུན་གྱི་བར་ན་ མཆོད་རྟེན་གྱི་ ཕྱི་ཁ་ལས་ བསྐོར་ར་རྐྱབ་མི་ དབང་འདུས་ཀྱིས་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཕྱི་ཁར་རྐང་ལམ་ལེགས་ཤོམ་མེདཔ་ལས་ སྣུམ་འཁོར་གྱིས་ འཐུ་བཀོ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པའི་གནས་ཚུལ།

རྟ་མགྲིན་དཔལ་འབྱོར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *