རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༢ པ་ ད་རིས་ལས་ འགོ་བཙུགས་ནི།

མི་སྡེའི་ནང་ལས་ ཀོ་རོ་ན་བའེ་རཱསི་ནད་འབུབ་ ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དང་བསྟུན་ གཞུང་གིས་ ད་རིས་ལས་ ཉིན་གྲངས་༧ གྱི་རིང་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༢ པ་ འགོ་བཙུགས་ནི་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ ཕྱི་རུ་ འབྲུག་རྒྱང་བསྒྲགས་ཐོག་ལས་ གསལ་བསྒྲགས་འབད་བའི་སྐབས་ ཐིམ་ཕུག་གི་ ཚ་རིམས་བརྟག་དཔྱད་ཁང་ནང་ལས་ མི་༥ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་མི་དང་ ལྷ་མོའི་རྫིང་ཁ་ལས་༡ དེ་ལས་ སྤ་རོ་ལས་༣ བདའ་ཟུན་མི་ལུ་བརྟེན་ མི་སྡེ་ནང་ ནད་ཡམས་དར་ཁྱབ་འགྱོ་བའི་ ཚ་གྱང་སྦོམ་ལང་ཡི་ཟེར་གསུངས་ཡི།

ནདཔ་བདའ་ཟུན་མི་ཚུ་ག་ར་ ཚ་རིམས་བརྟག་དཔྱད་ཁང་ཚུ་ནང་ ཁས་བླངས་ཐོག་ལས་ ནད་གཞི་དེ་གི་ རྟགས་མཚན་ཚུ་ ཐོན་མི་ལུ་བརྟེན་ བརྟག་དཔྱད་འབད་བར་ འགྱོ་བའི་སྐབས་ བདའ་ཟུན་ཡོདཔ་ཨིན་པས།

བློན་ཆེན་གྱིས་ ནད་འབུབ་ཐོབ་མི་ཚུ་ འཕྲལ་ཁམས་ཅིག་ཁར་ ཐོབ་ཡོད་པའི་ བརྡ་མཚོན་སྟོན་ཡོད་མི་དེ་ བློ་བདེ་བའི་ གཞི་ཅིག་ཨིན་རུང་ མི་སྡེ་ནང་ དར་ཁྱབ་མགྱོགས་དྲགས་འགྱོ་དོ་བཟུམ་འདུག་ཟེར་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༡ ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་དང་པ་ འབད་བའི་སྐབས་དང་ཕྱདཔ་ད་ ད་རེས་ཀྱི་ ཉེན་ཁ་དེ་༣ ལྟབ་ཀྱིས་ ཆེ་བས་ཟེར་ བློན་ཆེན་གྱིས་གསུངས་ཡོདཔ་ད་ ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ལུ་ ད་ལྟོ་ མི་ག་དེམ་ཅིག་ལུ་ ནད་འབུབ་དེ་ ཐོབ་སྟེ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་གསུངས་ཡི།

དེ་གི་དོན་ལུ་ གསོ་བའི་ལས་བྱེདཔ་ཚུ་གིས་ ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ག་ར་ འཕྲལ་མགྱོགས་ར་ བརྟག་དཔྱད་འབད་ནི་ཨིནམ་ལས་ དེ་གི་དོན་ལུ་ བཟའ་ཚང་གི་ངོ་ཚབ་ ཡང་ན་ སྒྲིང་ཁྱིམ་རེ་ལས་ གདམ་ཁ་རྐྱབ་སྟེ་ བརྟག་དཔྱད་ཚུ་ འབད་འོང་ཟེར་ཨིན་པས།

ཁ་ཙ་དྲོ་པ་ལས་ རྫོང་ཁག་ནང་འཁོད་ཀྱི་ འགྲོ་འགྲུལ་དེ་ཡང་ བཀག་ཆ་འབད་ཡོདཔ་ད་ རྫོང་ཁག་ནང་ འགྲོ་འགྲུལ་བཀག་དམ་གྱི་ དུས་ཚོད་དེ་ རྫོང་བདག་དང་ ཁྲོམ་དཔོན་ཚུ་གིས་ ཐག་གཅད་དེ་ འབད་དགོ་ནི་ཨིན་པས།

དེ་བཟུམ་སྦེ་ སློབ་གྲྭ་དང་གཙུག་སྡེ་ ཡིག་ཚང་དང་ གཞན་གཙུག་སྡེ་གི་རིགས་ཚུ་ཡང་ སྒོ་བསྡམ་བཞག་དགོ་ནི་ཨིན་རུང་ འགྲོ་འགྲུལ་བཀག་དམ་སྐབས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཚོད་བསྲེ་དང་ བཟའ་འཐུང་ དེ་ལས་ སེམས་ཅན་གྱི་ཆག་རིགས་ཚུ་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་གྱི་ དུས་ཚོད་དེ་ ནད་གཞི་དར་ཁྱབ་ཀྱི་ གནས་སྟངས་དང་འཁྲིལ་ འགྱོ་ནི་ཨིན་རུང་ ད་རེས་ཀྱི་ གནས་སྟངས་ནང་ ནད་འབུབ་དེ་ མི་སྡེ་ནང་ དར་ཁྱབ་སོང་བའི་རྟགས་མཚན་ ཐོན་ཡོདཔ་ལས་ མི་མང་གིས་ གསོ་བའི་སྒྲིག་གཞི་དང་ འཁྲིལ་zའབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

བློན་ཆེན་གྱིས་ གསོ་བའི་སྨན་རིགས་དང་ བརྟག་དཔྱད་མཐུན་རྐྱེན་ཚུ་ གཞུང་གིས་ ཧེ་མ་ལས་ ཀོ་རི་ཡ་ལུ་ཡོད་མི་ བཟོ་སྐྲུན་ལས་སྡེ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ཡི་གུ་ཚུ་བཟོ་བཞག་ཡོདཔ་ལས་ དགོས་མཁོ་དང་འཁྲིལ་ ལེན་དོ་ཟེར་ཨིནམ་ད་ མི་༥༠༠,༠༠༠དེ་ཅིག་ལུ་ ལང་ཚུགས་པའི་ མཁོ་འདོད་དོན་ལུ་ སྔོན་བྱིན་ཏི་རུ་ཚུ་ སྤྲོད་བཞག་སྟེ་ཡོད་ཟེར་གསུངས་ཡི།

ཨིན་རུང་ བརྟག་དཔྱད་ཅ་ཆས་ཚུ་ དུས་ཡུན་ཟླཝ་༦ གི་དུས་ཚོད་ཡོདཔ་ལས་ ག་ར་གཅིག་ཁར་ ལེན་ནི་མེད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་བཞིན་དུ་ དེ་གི་ཐད་ཁར་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།

བློན་ཆེན་གྱིས་ འགྲོ་འགྲུལ་བཀག་དམ་སྐབས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་མེདཔ་ཅིག་སྦེ་ འབད་དགོ་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་ཨིན་ཟེར་གསུངས་ཡི།

འདས་པའི་ཉམས་མྱོང་ལུ་བལྟ་བ་ཅིན་ མི་སེར་ཚུ་ལུ་ ལཱ་ཁག་བཏངམ་མས་ཟེར་ མི་སེར་དང་སེམས་ཅན་ཚུ་གི་ བཟའ་འཐུང་ལས་འགོ་བཙུགས་ སྟབས་མ་བདེཝ་ཐོན་མི་ཚུ་ གཞུང་གིས་བསལ་དགོ་པའི་ བཀའ་ཕེབས་ཏེ་ཡོད་ཟེར་ཨིནམ་ད་ ནད་གཞི་ཐོབ་མི་ཚུ་གི་ གནས་སྟངས་དང་ མི་སྡེ་ལས་ངོས་ལེན་ཚུ་ ག་དེ་སྦེ་ར་ ཡོདཔ་ཨིན་ནའི་སྐོར་ལས་ཡང་ གསུངས་གནང་ཡི་ཟེར་ བློན་ཆེན་གྱིས་གསུངས་ཡི།

བློན་ཆེན་གྱིས་ མི་ལ་ལོ་གིས་ ནད་གཞི་ཐོབ་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་ཐོག་ལས་ བློ་སླབ་བཏུབ་མ་བཏུབ་ཚུ་ སླབ་པའི་ཁར་ རྣམ་རྟོག་སྐྱེ་དོ་ཡོད་མི་དེ་ལུ་ ཐུགས་ཚ་གྱང་བཞེས་ཏེ་འདུག་ཟེར་གསུངས་ཡི།

བློན་ཆེན་གྱིས་ མི་ཚུ་གིས་ ནད་གཞི་ཐོབ་སྟེ་ ལུས་དང་སེམས་སྡུག་སྡོད་པའི་སྐབས་ སླབ་མ་བཏུབ་པའི་གཏམ་ཚུ་ སླབ་ནི་མི་འོང་ཟེར་གསུངས་ཡི།

ནད་འབུབ་ཐོབ་མི་དང་ བཟའ་ཚང་ཚུ་ལུ་ སྟབས་མ་བདེཝ་རེ་ཡོད་རུང་ གཞུང་གིས་ གྲོགས་རམ་འབད་ནི་གི་ གྲ་སྒྲིག་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།།

གཞུང་གིས་ མི་སེར་ཚུ་གི་ ཕྱིར་ཚོང་འཐབ་དགོ་པའི་རིགས་དང་ ཚོད་བསྲེ་ཚུ་ལངམ་སྦེ་ སྤྲོད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ད་ ད་ཚུན་ ཚ་རིམས་བརྟག་དཔྱད་ཁང་ཚུ་ནང་ མི་༨༢,༠༠༠ ལྷགཔ་ཅིག་ལུ་ བརྟག་དཔྱད་ཚུ་ འབད་ཡོད་ཡོདཔ་ཨིན་པས།

ཁ་ཙ་ཚུན་ ད་རུང་ མི་༡༠༠༠ ལྷགཔ་ཅིག་ལུ་ བརྟག་དཔྱད་འབད་ཡོད་མི་ཚུ་གི་ གྲུབ་འབྲས་ཚུ་ ད་རིས་འཐོན་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *