རྒྱལ་ཡོངས་འགྲོ་འགྲུལ་བཀད་དམ་ ཕར་འགྱངས་འབད་ཡོདཔ།

རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ བདུན་ཕྲག་༡ ལང་པའི་ཤུལ་ལས་ ད་རུང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ འགྲོ་འགྲུལ་བཀག་དམ་དེ་ སྤྱི་ལོ་༢༠༢༡ གི་ ཟླཝ་༡ པའི་ ཉི་ལོག་ཚུན་ ཕར་འགྱངས་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།

དེ་ཡང་ ད་རེས་ ནད་འབུབ་ཐོན་པའི་ནམ་དུས་ལུ་ མི་ཚུ་ སྤུངས་འཛོམས་འབད་ནི་ལས་ བཀག་ནིའི་དོན་ལུ་ཨིན་པས།

བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མི་སྤུངས་འཛོམས་འབད་ནི་དེ་ ག་དེ་དྲག་དྲག་ བཀག་དགོ་མི་དེ་ཡང་ གཙོ་བོ་ར་ ད་རེས་ཀྱི་ ནད་འབུབ་ཁྱབ་སྤེལ་དེ་ཡང་ ཐིམ་ཕུག་དང་ སྤ་རོ་ལུ་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལུ་བརྟེན་ སོང་ཡོདཔ་སྦེ་ མཐོང་ནི་དེ་གིས་ ཨིན་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ནད་འབུབ་ཁྱབ་སྤེལ་གྱི་ རྒྱུན་ལམ་བཀག་ནི་དེ་ འགྲོ་འགྲུལ་བཀག་དམ་ རྐྱངམ་གཅིག་ཨིནམ་ད་ དེ་གིས་ གསོ་བའི་ལས་བྱེདཔ་ཚུ་གིས་ འཕྲོ་མཐུད་དེ་ར་ ནད་འབུབ་དེ་ བཀག་ནིའི་ལཱ་ཚུ་ འབད་བཅུག་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

ད་ལྟོ་ཚུན་ མི་མང་ནད་གཞི་བརྟག་དཔྱད་ལས་རིམ་ཚུ་ འབད་ཚར་ཡོདཔ་བཞིན་དུ་ གྲུབ་འབྲས་བཏོན་པའི་བསྒང་ཡོདཔ་ད་ གྲུབ་འབྲས་དེ་ལུ་བརྟེན་ ད་ལས་ཕར་ ག་ཅི་ར་ འབད་དགོཔ་འདུག་ག་ ཧ་གོ་ཚུགས་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ གོ་རིམ་འགྲིག་ཐོག་ལས་ འགྲོ་འགྲུལ་བཀག་དམ་ ལོག་གཏང་ནི་དེ་ དུས་སྟོན་ཚུ་ མཇུག་བསྡུ་བའི་ཤུལ་ལུ་རྐྱངམ་གཅིག་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ དེ་གི་སྐབས་ལུ་ ལུང་ཕྱོགས་དང་ རྫོང་ཁག་ས་ཁོངས་ དེ་ལས་ ལས་རིམ་ཚུ་ ཉེན་ཁ་དང་འཁྲིལ་ རིམ་པ་བཞིན་དུ་སྦེ་ གཏང་འོང་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ འདས་པའི་འགྲོ་འགྲུལ་བཀག་དམ་བཟུམ་མེན་པར་ ནད་འབུབ་དེ་ ནང་འཁོད་ལས་ཐོན་ཡོད་པའི་ སྒྲུབ་བྱེད་ཚུ་ གསལ་ཏོག་ཏོ་སྦེ་ ཐོན་ཡོདཔ་མ་ཚད་ ཁྱབ་སྤེལ་གྱི་ གནས་སྟངས་དེ་ཡང་ རྩུབ་སུ་ཅིག་ཡོདཔ་ལས་ ནད་འབུབ་འཛིན་སྐྱོང་འཐབ་ནི་དེ་ཡང་ ལཱ་ཁག་སུ་འབད་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ཨིན་རུང་ ནད་འབུབ་ཁྱབ་སྤེལ་དེ་ཡང་ ཧ་སུ་ཅིག་སྦེ་ར་ བདའ་ཟུན་ཡོདཔ་ལས་ བཀག་ནིའི་ཐབས་ལམ་ཚུ་ ལེགས་ཤོམ་སྦེ་ བཏོན་པའི་བསྒང་ཡོད་ཟེར་ཨིན་པས།

ད་རེས་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ རང་གི་ཁྱིམ་ནང་ ལྷོད་མ་ཚུགས་པར་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ ད་རུང་ འགྲོ་འགྲུལ་འབད་བཅུག་པ་ཅིན་ ནད་འབུབ་བཀག་ནིའི་ལཱ་ལུ་ བར་ཆད་འབྱུང་ནི་ཨིནམ་ལས་ ད་ལྟོ་ གློ་བུར་གྱི་ སྨན་བཅོས་འབད་དགོ་མི་དང་ ཤི་རྐྱེན་བྱུང་མི་ཚུ་རྐྱངམ་གཅིག་ གཏང་དོ་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་ནང་ བཀོད་མིའི་ནང་ ད་ལྟོའི་ འགྲོ་འགྲུལ་བཀད་དམ་ལུ་བརྟེན་ ནད་འབུབ་ཐོབ་མི་༡༧༤ བདའ་ཟུན་ཡོདཔ་ད་ དེ་ཚུ་ མི་གཅིག་ལུ་བརྟེན་ཏེ་ ཁྱབ་སྤེལ་འགྱོ་འགྱོཝ་འོང་ཟེར་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ལུ་ ཀོ་བིཌ་-༡༩ གྱི་ གསུང་བཤད་ཐེངས་༢ གནང་པའི་སྐབས་ རྒྱལ་ཁབ་ནང་ ཚུལ་མིན་གྱི་ལཱ་འབད་མི་ མི་ཕུད་རྡོག་གཅིག་གིས་ རྒྱས་ཡོངས་ཀྱི་ ནད་འབུབ་བཀག་ནིའི་ཐབས་ལམ་ལུ་ བར་ཆད་རྐྱབ་འོང་ཟེར་ གསུངས་ཏེ་ཡོད་ཟེར་ཨིན་པས།

མི་དབང་མཆོག་གིས་ མ་འོངས་འཚོ་སྐྱོང་ ཡུན་བརྟན་གྱི་དོན་ལུ་ གནས་སྐབས་དཀའ་སྡུག་དུམ་གྲ་རེ་ མྱོང་དགོ་ཟེར་ གསུངས་ཏེ་ཡོདཔ་ད་ འགྲོ་འགྲུལ་བཀག་དམ་དེ་ མི་སེར་ཚུ་གིས་ མི་དབང་མཆོག་གི་ ཐུགས་དགོངས་དང་འཁྲིལ་ སྡོད་ནི་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཅིག་ཡང་ ཨིན་ཟེར་ཨིན་པས།

་ལྟོའི་གནས་སྟངས་ནང་ མི་དབང་མཆོག་གིས་ ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་ ག་ར་ལུ་ ད་རུང་ མ་འོངས་པར་ འགྲོ་འགྲུལ་བཀག་དམ་འབད་མ་དགོཔ་སྦེ་ བཞག་ནིའི་དོན་ལུ་ ཐབས་ལམ་ཚུ་ རྩ་བརྟན་བཟོ་ནི་དང་ སྟབས་མ་བདེཝ་ཚུ་ སེལ་ཐབས་འབད་དགོཔ་སྦེ་ གསུངས་ཏེ་ཡོད་ཟེར་བཀོད་ནུག།

མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ཀོ་བིཌ་-༡༩ འི་ སྨན་ཁབ་ཚུ་གི་དོན་ལུ་ སྨན་ཁབ་བཟོ་མི་དང་ གྲོས་རམ་འབད་མི་ ལས་སྡེ་ཚུ་དང་ཡང་ གཞུང་གིས་ ཨ་རྟག་ར་ འབྲེལ་བ་འཐབ་སྟེ་ ལཱ་འབད་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *