རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ གནས་ཡུན་༣ གྱི་རིང་ ཕྱག་ཞུ་ནི།

༉ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ ཁ་ཙ་ འགོ་འདྲེན་འཐབ་མི་ བཙག་འཐུ་ནང་ གདམ་འཐུ་གྲུབ་སྟེ་ གནས་ཡུན་༣ པའི་ནང་ འཐུས་མི་སྦེ་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།

ལའུ་རི་རྒེད་འོག་ནང་ལས་ དོ་འགྲན་འབད་མི་ འཇིགས་མེད་དབང་ཕྱུག་གིས་ འཇམ་ཏོང་ཏོ་སྦེ་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ ཁོ་གིས་ ཚོགས་རྒྱན་ཡོངས་བསྡོམས་༤,༡༠༡ ཐོབ་མི་དེ་ དོ་འགྲན་པ་གཞན་༥ ལས་ ཚོགས་རྒྱན་སྟོང་ཕྲག་ལས་ལྷག་སྟེ་ མངམ་ཐོབ་ཅི།

དོ་འགྲན་པ་གཞན་ཚུ་གི་གྲས་ལས་ སྐལ་བཟང་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༢,༩༨༩ དང་ ཚུལ་ཁྲིམས་འབྲུག་དཀར་གྱིས་ ཚོགས་རྒྱན་༢,༦༧༤ ཨོ་རྒྱན་རྡོ་རྗེ་གིས་ རྒྱན་གྲངས་༡,༦༣༥ དང་ ཚེ་དབང་བསྟན་འཛིན་གྱིས་ རྒྱན་གྲངས་༡,༡༠༥ དེ་ལས་ སངས་རྒྱས་བསྟན་འཛིན་གྱིས་ རྒྱན་གྲངས་༡,༠༨༥ ཐོབ་ནུག།

འཇིགས་མེད་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ ཚོགས་རྒྱན་འཕྲུལ་ཆས་ཐོག་བཙུགས་མི་ ཚོགས་རྒྱན་གཉིས་ཆ་རའི་ནང་༡,༣༠༤ དང་ ༢,༧༩༧ ཐོབ་སྟེ་ འདེམས་ངོ་གཞན་ཚུ་ལས་ རྒྱལ་ཁ་ཐོབ་ནུག།

དེ་ལས་ སྐལ་བཟང་ཕུན་ཚོགས་ཀྱིས་ འཕྲུལ་ཆས་ཐོག་བཙུགས་མི་ ཚོགས་རྒྱན་༢,༡༤༨ དང་ འགྲེམ་ཐོག་ཚོགས་རྒྱན་༨༤༡ སངས་རྒྱས་བསྟན་འཛིན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༥༥༡ དང་ འགྲེམ་ཐོག་ཚོགས་རྒྱན་༥༣༤ ཚུལ་ཁྲིམས་འབྲུག་དཀར་གྱིས་༡༦༣༨ དང་༡༠༣༦ ཚེ་དབང་བསྟན་འཛིན་གྱིས་༧༢༨ དང་༣༧༧ དེ་ལས་ ཨོ་རྒྱན་རྡོ་རྗེ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༡༨༣ དང་ འགྲེམ་ཐོག་ཚོགས་རྒྱན་༤༥༢ ཐོབ་ནུག།

རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༤༦ ཡོད་སར་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༥,༤༢༤ ཡོད་མི་ལས་ ཁ་ཙ་ མི་སེར་༩,༠༤༥ གིས་ ཚོགས་རྒྱན་བཙུགས་ཅི།

དེ་བཟུམ་སྦེ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༤,༧༩༥ ཐོབ་མི་ལས་༢༥༡ ཆ་མེད་སོང་ནུག།

འཇིགས་མེད་དབང་ཕྱུག་གིས་ འགྲུལ་འཕྲིན་ཐོག་ སླབ་མིའི་ནང་ ཁོ་ར་ གནས་ཡུན་༣ པའི་དོན་ལུ་ གདམ་འཐུ་གྲུབ་མི་དེ་ དགའ་སྤྲོད་ཚད་མེད་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ཁོ་ར་ གཡུས་མཐའ་ཟུར་ལས་ ཕམ་ཉམ་ཆུང་གི་ བུཚ་ཅིག་འབད་རུང་ རྒྱལ་རབས་དང་ལྡན་པའི་ དམངས་གཙོའི་རིང་ལུགས་ནང་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་ཚུ་གིས་ ཁོ་ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ཨིནམ་མ་ཚད་ ད་རེས་ ལོག་སྟེ་ར་ ཕྱག་ཞུ་ནིའི་གོ་སྐབས་ གནང་མི་དེ་ལུ་ ཁོ་གི་ཧོངས་ལས་ བསམ་ཡུལ་ལས་འདས་པའི་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *