བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཐངས་སྐོར་ལས་ ཀུན་གསལ་ལས་འཛིན་གྱི་ འཛིན་སྐྱོང་པ་དང་ ལས་བྱེདཔ་ཚུ་ལུ་ གོ་བརྡ་སྤྲོད་འབད་བའི་བསྒང་།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ ལྷན་ཐབས་ཚོགས་རྒྱན་ས་གོ་ གཞི་བཙུགས་འབད་ནི།

༉ ད་རེས་ནངས་པར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཁྱད་ཚད་ལྡན་མི་ཚུ་ལུ་ མགྱོགས་པ་ར་ འགོ་བཙུགས་ནི་ཨིན་མི་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་སྐབས་ ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་གོ་ གཞི་བཙུགས་འབད་ནི་ཨིནམ་ད་ ལྷན་ཚོགས་ཀྱིས་ མཐུན་རྐྱེན་གསརཔ་དག་པ་ཅིག་ གཞི་བཙུགས་འབད་མིའི་གྲས་ལས་ ལྷན་ཐབས་ས་གོ་དེ་གིས་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཡར་འཕར་འགྱོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དེ་ཡང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་བཟོ་ནི་ལུ་དམིགས་ཏེ་ རྒྱལ་ས་ལྟེ་བ་ལུ་འབད་བ་ཅིན་ ཁྲོམ་གྱི་ས་གནས་ཁག་ཚུ་ནང་ ལྷན་ཐབས་ཚོགས་རྒྱན་བཙུགས་སའི་ས་གོ་༡༠ གཞི་བཙུགས་འབདཝ་དང་གཅིག་ཁར་ རྫོང་ཁག་ཚུ་དང་ ཁྲོམ་ཚུ་ནང་ཡང་ ལྷན་ཐབས་ཚོགས་རྒྱན་ས་གོ་ཚུ་ བཙུགས་ནི་ཨིནམ་ད་ རྒྱལ་ཁབ་ནང་ ས་གོ་བསྡོམས་༦༤ གཞི་བཙུགས་འབད་ནི་ཨིན་པས།
བཙག་འཐུ་ལྷན་ཚོགས་འགོ་དཔོན་ཚུ་གིས་ ད་རེས་ནངས་པར་ རྫོང་ཁག་དང་ ཁྲོམ་གྱི་ས་གནས་ཁག་ཚུ་ནང་ མི་མང་སྤུངས་འཛོམས་འབད་ས་དང་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་འདུག།
བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཐུན་རྐྱེན་གསརཔ་ གཞི་བཙུགས་འབད་དགོ་མི་དེ་ཡང་ དམིགས་དོན་ངོ་མ་ཅིག་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཡར་སེང་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་ཐངས་དེ་ཡང་ སྤྱིར་བཏང་ཚོགས་རྒྱན་བཙུགས་ཐངས་དང་ཆ་འདྲཝ་སྦེ་ དང་པ་ར་ མཐུན་རྐྱེན་གྱི་དོན་ལུ་ ཐོ་བཀོད་འབད་ཞིནམ་ལས་ རང་སོའི་ངོས་ལེན་འགོ་དཔོན་ཚུ་ལུ་ གནང་བའི་ཡི་གུ་བཙུགས་ནི་དང་ དེ་ལས་ ཚོགས་རྒྱན་ས་གོ་ནང་ སོང་ཞིནམ་ལས་ ལི་ཕ་ནང་ རྟགས་བཀོད་ཞིནམ་ལས་ ཚོགས་རྒྱན་སྒྲོམ་ནང་ བཙུགས་དགོཔ་ཨིན་པས།
ལྷན་ཐབས་མཐུན་རྐྱེན་དོན་ལུ་ ཞི་གཡོགཔོ་དང་ དགྲ་ཁག་༣ གྱི་དམག་མི་ སློབ་པ་ཕྲུག་དང་སྦྱོང་བརྡར་བ་ དེ་ལས་ ལྷན་ཚོགས་ཀྱི་ཆ་འཇོག་འབད་མི་ ལས་སྡེ་ཁག་ཚུ་གི་ལས་བྱེདཔ་དང་ དེ་ལུ་བརྟེན་སྡོད་མི་ཚུ་གིས་ གོ་སྐབས་ཐོབ་ནི་ཨིན་པས།
དེ་བཟུམ་སྦེ་ ལྷན་ཐབས་ཚོགས་རྒྱན་ས་གོ་ཚུ་ནང་ ཚོགས་རྒྱན་བཙུགས་ནིའི་ཞབས་ཏོག་དེ་ ཕྱི་འབྲེལ་ལྷན་ཁག་དང་མཉམ་འབྲེལ་ཐོག་ལས་ ཕྱི་རྒྱལ་ལུ་སྡོད་མི་ཚུ་ལུ་ཡང་ གོ་སྐབས་བྱིན་ནིའི་ ཐབས་ཤེས་བཏོན་དོ་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ དེ་ལས་ ས་གནས་མཐའ་ཟུར་ནང་ གཞུང་གི་ལཱ་འབད་སྡོད་མི་ཚུ་ལུ་ཡང་ གོ་སྐབས་ཡོདཔ་ཨིན་པས།
ལྷན་ཐབས་ཚོགས་རྒྱན་ས་གོ་ཚུ་ཡང་ ཚོགས་རྒྱན་གྱི་ཉིནམ་གི་ ཉིནམ་༨ པ་ལས་༦ པ་ཚུན་ ཉིན་གྲངས་༣ གྱི་རིང་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་གྱི་བར་ན་ སྒོ་ཕྱེ་བཞག་ནི་ཨིན་པས།
ཨིན་རུང་ མཐུན་རྐྱེན་དེ་ གདམ་ངོའི་འཛོམས་འདུའི་སྐབས་ལུ་ གོ་སྐབས་དེ་མེདཔ་ད་ དེ་བསྒང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ངོ་རྐྱང་སྦེ་སོང་སྟེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་པས།
དེ་བཟུམ་སྦེ་ མཐུན་རྐྱེན་གསརཔ་གཞན་དེ་ བཙོན་པ་དང་ ཡུན་རིངམོ་སྦེ་ སྨན་ཁང་ནང་སྨན་བཅོས་འབད་སྡོད་མི་ དེ་ལས་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ དམིགས་བསལ་གྱི་རྒྱབ་སྐྱོར་ ཁོང་ར་སྡོད་སའི་ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བཙུགས་བཅུག་ནིའི་ ཞབས་ཏོག་དེ་ཡང་ གཞི་བཙུགས་འབད་ནི་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *