ཁ་ཙ་ ཁྲིམས་སྲུང་འགག་པ་ཚུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་ཉིན་མར་ ལྟ་རྟོག་གི་དོན་ལུ་ ཁྲུམ་ཤིང་ལ་ཟེར་ཡང་སླབ་མི་ ཕུ་རུམ་སིང་ལ་བརྒྱུད་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྱོ་བའི་བསྒང་།

རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་ཉིནམ་གི་དོན་ལུ་ འགོ་དཔོན་༥,༦༡༩ བགོ་བཀྲམ།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པའི་ ཚོགས་རྒྱན་ཉིནམ་གི་དོན་ལུ་ ད་རིས་ ཕྱི་རུ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོགས་རྒྱན་ས་ཁོངས་༨༦༦ ནང་ བཙག་འཐུ་འགོ་དཔོན་བསྡོམས་༥,༦༡༩ ལྷོད་འོང་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

ཚོགས་རྒྱན་ས་ཁོངས་ཁག་སོ་སོའི་ནང་ བགོ་བཀྲམ་འབད་མི་ འགོ་དཔོན་ཚུ་གི་གྲངས་སུ་ འདེམས་ཁྲི་འགོ་དཔོན་༨༦༦ དང་ ཚོགས་རྒྱན་འགོ་དཔོན་༢,༥༩༨ ཚོགས་རྒྱན་འགོ་དཔོན་ལས་རོགསཔ་༨༦༦ དེ་ལས་ ཉེན་སྲུང་ལྟ་རྟོག་འབད་མི་ ཨམ་སྲུ་༨༦༦ ཡོདཔ་ཨིན་པས།

དེ་འབདཝ་ད་ དེ་ནང་ འབྲུག་གི་ཁྲིམས་སྲུང་འགག་སྡེ་དང་ འབྲུག་གི་བསྟན་སྲུང་དམག་སྡེ་གིས་ བགོ་བཀྲམ་འབད་མི་ སྲུང་སྐྱོབ་དམག་མི་ཚུ་ མི་ཚུད་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཚོགས་རྒྱན་འགོ་དཔོན་མང་ཤོས་ཅིག་ར་ ལམ་ཐག་རིང་དང་འཁྲིལ་ ངོས་ལེན་འགོ་དཔོན་ཡིག་ཚང་ལས་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་འགྱོ་ནི་ འགོ་བཙུགས་ཏེ་ ཉིནམ་དག་པ་ཅིག་ ཡར་སོཔ་འོང་ཟེར་ཨིན་པས།

ཨིན་རུང་ འགོ་དཔོན་ལ་ལོ་ཅིག་ ལམ་ཐག་རིང་སར་ འགྲོ་འགྲུལ་འབད་དགོཔ་མེདཔ་ལས་ ཁ་ཙ་དང་ ད་རིས་འགྱོ་དོ་འོང་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་ ལམ་ཐག་རིང་ཤོས་ར་ ཁྱི་ལི་ཕུ་དང་ ཁེ་ཤི་དྭངས་ཚོགས་རྒྱན་ས་ཁོངས་༢ ཨིནམ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ བསམ་གྲུབ་ལྗོངས་མཁར་ལས་ ཇོ་མོ་གཙང་ཁ་བརྒྱུད་དེ་ འགྱོ་དགོཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ཚོགས་རྒྱན་འགོ་དཔོན་༦ འབད་མི་ སྡེ་ཚན་ཅིག་ མགར་ས་རྫོང་ཁག་གི་ ལ་མཐོ་སའི་ས་གནས་ ལུང་ནག་ནང་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ བསྐྱལ་ཡོདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་ཚུ་ནང་ ཞི་གཡོགཔ་ཚུ་ལས་ སློབ་གྲྭའི་སློབ་དཔོན་མངམ་ཡོདཔ་ལས་ ཚོགས་རྒྱན་འགོ་དཔོན་མང་ཤོས་ར་ སློབ་དཔོན་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་བསྒང་ རྫོང་ཁག་༢༠ ལས་ ཚོགས་སྡེའི་འཐུས་མི་སྦེ་ འདེམས་ངོ་༡༢༧ ལས་༢༠ བཙག་འཐུ་འགྲུབ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *