རྒྱལ་ཡོངས་ཚོགས་སྡེའི་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་སྐོར་ལས་ གནས་ཚུལ་བཀོད་མི་ཆོག་ནི།

༉ ད་ལས་ཕར་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི་ལུ་ སྤྲོ་བ་ཡོད་མི་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་སྐོར་ལས་ གསར་ཤོག་དང་ རྒྱང་བསྒྲགས་ དེ་ལས་ རྒྱང་མཐོང་ཚུ་ནང་ གནས་ཚུལ་བཀོད་མ་ཆོགཔ་མ་ཚད་ མི་ངོམ་ཁོང་ར་གིས་ཡང་ མི་སྡེ་བརྡ་བརྒྱུད་ནང་ བརྡ་དོན་གནས་ཚུལ་ཚུ་ བཀོད་མི་ཆོག་ནི་ཨིན་པས།
དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ བཙག་འཐུའི་དུས་ཚོད་ཚུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ བརྡ་བརྒྱུད་ཚུ་ནང་ དང་འདོད་ཅན་གྱི་འཐུས་མི་ཚུ་གི་སྐོར་ལས་ གནས་ཚུལ་གྱི་རིགས་ ག་ཅི་ཡང་ བཀོད་མི་ཆོག་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ལས་ཁུངས་ཀྱི་འགོ་ཁྲིདཔ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཙག་འཐུའི་དུས་ཚོད་དང་བྱ་རིམ་ཚུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་སྐོར་ལས་ གནས་ཚུལ་བཀོད་པ་ཅིན་ གནས་ཚུལ་དེ་ འཐུས་མི་ག་ར་ལུ་ཁྱབ་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་ལས་ དེ་གིས་ འདྲ་མཉམ་མི་འགྱོ་ཟེར་ཨིན་པས།
དེ་ཡང་ ད་རེས་ དང་འདོད་ཅན་གྱི་འདེམས་ངོ་༡༧༥ ལྷགཔ་ཅིག་ ཐོན་མི་ཡོདཔ་ལས་ བཙག་འཐུའི་དུས་ཚོད་ཀྱི་ཧེ་མར་ ཁོང་རེ་རེའི་སྐོར་ལས་ གནས་ཚུལ་བཀོད་ཚུགས་པའི་ འོས་འབབ་མེདཔ་ལས་ གནས་ཚུལ་གྱི་ཐོབ་དབང་དེ་ འདྲ་མཉམ་སྤྱོད་ནིའི་ གོ་སྐབས་མི་འཐོབ་ནི་མས་ཟེར་ཨིན་པས།
བཙག་འཐུའི་དོན་ལུ་ འཐུས་མི་ཚུ་གི་སྐོར་ལས་ གནས་ཚུལ་དང་འབྲེལ་བའི་ བརྡ་དོན་དུམ་གྲ་ཅིག་ཐོན་རུང་ ཁོང་གི་སྐོར་ལས་མི་མང་ལུ་ དར་ཁྱབ་གཏང་ཚུགས་པའི་ འོས་འབབ་ཡོདཔ་ལས་ གནས་ཚུལ་བཀོད་མི་དེ་གིས་ ཐད་ཀར་དུ་ དང་འདོད་ཅན་གྱི་འདེམས་ངོ་ལ་ལོ་ གསལ་བསྒྲགས་འབད་དོ་བཟུམ་ འགྱོ་ནི་ཨིནམ་ད་ དེ་ལས་ མི་སྡེ་ནང་ བྱ་སྟབས་མ་བདེཝ་སྦོམ་ འཐོན་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
དེ་ཡང་ གོ་སྐབས་མ་ཐོབ་མི་ཚུ་གིས་ ཉོགས་བཤད་བཀོད་ནིའི་ཉེན་ཁ་ཡོདཔ་ལས་ དེ་གིས་ བརྡ་བརྒྱུད་ལས་ཁང་ཚུ་ལུ་རྐྱངམ་གཅིག་ བྱ་སྟབས་མ་བདེཝ་འཐོན་ནི་མེན་པར་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ཡང་ སྟབས་མ་བདེཝ་འཐོན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཨིན་རུང་ རྒེད་འོག་གི་གནས་ཚད་ནང་ལས་ འདེམས་ངོ་སྦེ་ བཙག་འཐུ་ནང་ དོ་འགྲན་འབད་ཆོག་པའི་ གདམ་འཐུ་འབད་ཚུགས་པ་ཅིན་ མི་ངོམ་དེའི་སྐོར་ལས་ གནས་ཚུལ་བཀོད་ཆོག་ཟེར་ཨིནམ་ད་ དེ་བསྒང་ རྒེད་འོག་ལས་མཐར་འཁྱོལ་མི་ཚུ་ རྫོང་ཁག་གི་གནས་ཚད་ལྷོདཔ་ད་ མི་ངོམ་དེ་ ལེ་ཤ་གིས་ འབབ་འགྱོ་ནི་ཨིནམ་ལས་ ཁོང་གི་སྐོར་ལས་ གནས་ཚུལ་འབྲི་རུང་ འདྲ་མཉམ་སྦེ་ཁྱབ་ཚུགས་པའི་ གོ་སྐབས་འདུག་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་བཤད་ཅི།
རྒེད་འོག་གདམ་ངོ་འཛོམས་འདུ་ནང་ལས་ འདེམས་ངོ་སྦེ་ བཙག་འཐུ་འགྲུབ་སྟེ་ ཡིག་ཆ་ཚུ་བརྟག་ཞིབ་འབད་ཚར་བའི་ཤུལ་ལས་ རྫོང་ཁག་གི་གནས་ཚད་ནང་ ལྷོད་ནི་དེ་གིས་ མི་ངོམ་གྱི་གྱངས་ཁ་ཡང་ ལེ་ཤ་གིས་ མར་འབབ་འགྱོ་ནི་ཨིན་པས།
ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ སྤྱི་ཟླ་༢ པའི་ཚེས་༢༤ ལས་ གདམ་ངོའི་འཛོམས་འདུ་དེ་ འགོ་བཙུགས་ནི་ཨིནམ་ད་ དེ་ཡང་ རྒེད་འོག་གི་གནས་ཚད་ནང་ གདམ་ངོ་སྦེ་ བཅའ་མར་གཏོགས་མི་ཡོད་པ་ཅིན་ ཚོགས་རྒྱན་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ རྒེད་འོག་གི་གནས་ཚད་ལས་ འདེམས་ངོ་དེ་ གདམ་འཐུ་འབད་ནི་ཨིན་པས།
དེ་བསྒང་ དང་འདོད་ཅན་གྱི་འཐུས་མི་སྦེ་ བཅའ་མར་གཏོགས་མི་དེ་ འཐུས་མིའི་དོན་ལུ་ ཁྱད་ཚད་ཚང་མི་ཚང་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་ཨིནམ་ད་ དེ་ཡང་ དང་འདོད་ཅན་གྱི་འཐུས་མི་ཚུ་གིས་ རང་སོའི་ངོས་འཛིན་འདྲ་པར་དང་པར་རེ་ འབག་དགོཔ་ད་ དེ་བསྒང་ ཁོང་གིས་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་ བརྟག་ཞིབ་ཚུ་ཡང་ འབད་ནི་ཨིན་པས།
རྒེད་འོག་གི་གནས་ཚད་ལས་ གདམ་ངོ་འགྲུབ་པ་ཅིན་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་འོས་འབབ་ཚུ་ ངོས་ལེན་འགོ་དཔོན་ཚུ་གིས་ བརྟག་ཞིབ་འབད་ནི་ཨིནམ་ད་ དེའི་དོན་ལུ་ ཡིག་ཆ་ཚུ་ ངོས་ལེན་འགོ་དཔོན་ཚུ་ལུ་ བྱིན་ནིའི་དུས་ཚོད་མཇུག་དེ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ཨིནམ་ལས་ དེ་ལས་བརྒལ་བ་ཅིན་ ཡིག་ཆ་ཚུ་ ངོས་ལེན་མི་འབད་ནི་ཨིན་པས།
བཙག་འཐུའི་ཚོགས་རྒྱན་གྱི་ཉིནམ་དེ་ སྤྱི་ཟླ་༤ པའི་ཚོས་༢༠ ལུ་ཨིནམ་ལས་ ད་རེས་ བཙག་འཐུའི་འགོ་དཔོན་ཚུ་གིས་ བཙག་འཐུའི་བྱ་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་མ་ཚད་ བཙག་འཐུ་འགོ་འདྲེན་འཐབ་མི་ ཞི་གཡོགཔ་ཚུ་ཡང་ ངོས་འཛིན་འབད་དེ་ སྦྱོང་བརྡར་ལ་སོགས་པའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *