སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་ དམངས་གཙོའི་རིང་ལུགས་ཡིག་ཚང་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་གྲུབ་འབྲས་ཚུ་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་བའི་བསྒང་།

རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ མཐར་འཁྱོལ་རྐྱངམ་གཅིག་མེན་པར་ མིག་དཔེ་སྟོན་ཡོདཔ།

ད་རིས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་བྱ་རིམ་དེ་ མིག་དཔེ་ཅིག་ལུ་ གྱུར་ཡོདཔ་མ་ཚད་ འབྲུག་མི་ཡོངས་ཀྱིས་ རང་སོའི་འགན་ཁུར་དེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབག་ཐོག་ལས་ བཙག་འཐུ་མཐར་འཁྱོལ་བྱུང་མི་དེ་ལུ་ ག་ར་གིས་ དཔའ་ཉམས་བསྐྱེད་དགོ་ཟེར་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་ བཤདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བཙག་འཐུའི་གྲུབ་འབྲས་ཚུ་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབདཝ་ད་ ལྷན་འཛིན་སྤྱི་ཁྱབ་ཀྱིས་ མཐར་འཁྱོལ་བྱུང་མི་དེ་ སྔོན་ཆད་མ་བྱུང་བའི་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མངམ་ཐོན་མི་དང་ གདམ་ངོའི་འཛོམས་འདུ་དང་ སྤྱིར་བཏང་འཛོམས་འདུ་ཚུ་ནང་ གྲལ་གཏོགས་འབད་མི་ མངམ་ཐོན་མི་ལུ་བརྟེན་ཨིན་ཟེར་ བཤད་ཅི།

འདེམས་ངོ་ཨམ་སྲུ་༦ ལས་༢ བཙག་འཐུ་གྲུབ་ཡོདཔ་ད་ གདམ་ངོའི་འཛོམས་འདུ་ཚུ་ནང་ འདེམས་ངོ་༡༧༧ གྱིས་ གདམ་འཐུའི་དོ་འགྲན་འབད་ཡོད་མི་ལས་༡༢༧ མཐའ་བཅད་ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།

དུས་ཅི་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་དེ་ སྤྱི་ལོ་༢༠༡༣ ལས་ བརྒྱ་ཆ་༩ ཡར་སེང་སོང་ཡོདཔ་མ་ཚད་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་དེ་ཡང་༥༢,༢༡༡ གིས་ ཡར་འཕར་སོང་ནུག།

སྤྱི་ལོ་༢༠༡༣ ལུ་ ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་དེ་ བརྒྱ་ཆ་༤༥.༡༦ ཨིནམ་ད་ ཚོགས་སྡེའི་བཅག་འཐུ་དང་པའི་ནང་ བརྒྱ་ཆ་༥༣ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

བཙག་འཐུ་ལྷན་ཚོགས་ཀྱིས་ གཞུང་འབྲེལ་གནས་སྡུད་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༤༣༢,༠༣༠ (ཨམ་སྲུ་༡༡༥,༨༠༩ དང་ ཕོ་སྐྱེས་༡༡༨,༧༢༦) གིས་ རང་སོའི་ཚོགས་རྒྱན་གྱི་ ཐོབ་དབང་བསྟར་སྤྱོད་འབད་ཡོད་རུང་ ཚོགས་རྒྱན་གྱི་ཉིན་མར་ ཐོ་བཀོད་ཅན་གྱི་ ཨམ་སྲུ་༡༠༥,༠༧༢ དང་ ཕོ་སྐྱེས་༩༢,༤༣༢ ཚོགས་རྒྱན་བཙུགས་པར་ མ་འོང་པས།

ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མཐོ་ཤོས་ར་ འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ དེ་ཡང་ མི་གྲངས་༨༨,༩༡༥ གིས་ ཐོ་བཀོད་འབད་ཡོད་མི་ལས་༦༤,༩༡༢ ཀྱིས་ ཚོགས་རྒྱན་བསྐྱུར་ནུག།

ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་ སླབ་མིའི་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་དང་ འགྲུལ་སྐྱོད་ལྷན་ཐབས་ས་ཁོངས་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ མངམ་འཐོན་ནི་ལུ་ ཕན་ཐབས་བྱུང་ཡི་ཟེར་ཨིནམ་ད་ ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གྲངས་རྩིས་རྐྱབ་པའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་༢༧༥ ཆ་མེད་བཏང་མི་དེ་ཡང་ འདེམས་ངོ་ཚུ་ལུ་ གསང་བའི་ཚོགས་རྒྱན་གྱི་ འབྲི་ཤོག་བཙུགས་སའི་ ཡིག་ཤུབས་ཀ་པ་དེ་ ཆ་མེད་སོང་ནུག།

རྫོང་ཁག་༢༠ གི་ ངོས་ལེན་འགོ་དཔོན་ཚུ་ལས་ འགྲེམ་ཐོག་ཚོགས་རྒྱན་ཆ་མེད་སོང་མིའི་ གནས་སྡུད་ལུ་ བལྟ་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་༢,༥༤༨ དེ་ཅིག་ ཆ་མེད་བཏང་བཏངམ་དང་ ཡང་ཅིན་ ཆ་གནས་མེད་པའི་གྲངས་སུ་ བརྩི་འཇོག་འབད་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ གསལ་བཀོད་འབད་མིའི་ནང་ ཚོགས་རྒྱན་གྱི་ཉིན་མར་ དར་དཀར་ནང་ ལ་རྒྱབ་རྒེད་འོག་ནང་ སྲིད་པ་གཞི་རྟེན་ཤེས་ཡོན་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ དཀའ་ངལ་ཐོན་མི་རྐྱངམ་གཅིག་མ་གཏོགས་ ཚོགས་རྒྱན་ས་ཁོངས་གཞན་ཚུ་ནང་ བྱ་སྟབས་མ་བདེཝ་སྦོམ་ ག་ནི་ཡང་ མ་ཐོན་ཟེར་ཨིན་པས།

སྲིད་པ་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ འཕྲུལ་རྟ་ཨེབ་མ་བཏུབ་ ཐལ་སོཔ་ལས་ སོར་ཐེབས་འཕྲུལ་ཆས་ བཙུགས་དགོཔ་ཐོན་ཡོད་རུང་ སྐྱོན་ཞུགས་འཕྲུལ་ཆས་ནང་ ཚོགས་རྒྱན་༦༥ བཙུགས་ཚར་མི་ཚུ་ མཐའ་འཁྱོལ་ཅན་སྦེ་ གྲངས་རྩིས་རྐྱབ་ཚུགས་ཡོདཔ་མ་ཚད་ འཕྲུལ་ཆས་སོར་བའི་ཤུལ་ལུ་ དཀའ་ངལ་ག་ནི་ཡང་ མ་ཐོན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་༨༦༦ ནང་ ཚོགས་རྒྱན་འཕྲུལ་ཆས་༡,༨༠༠ བགོ་བཀྲམ་འབད་ཡོད་མི་ལས་ འཕྲུལ་ཆས་ཕུད་རྡོག་གཅིག་གིས་རྐྱངམ་གཅིག་ དཀའ་ངལ་བྱིན་ནུག་ཟེར་ཨིནམ་ད་ འཕྲུལ་ཆས་དེ་ཚུ་ སྤྱི་ལོ་༢༠༠༦ ལུ་ མཁོ་སྒྲུབ་འབད་དེ་ དཔེ་སྟོན་བཙག་འཐུ་ འགོ་འདྲེན་འཐབ་ཞིནམ་ལས་ཚུར་ ལག་ལེན་འཐབ་ཡོདཔ་བཞིན་དུ་ འཕྲུལ་ཆས་ཚུ་གི་ ཐུབ་ཚད་ཀྱི་ དུས་ཡུན་ཡང་ རྫོགས་སོ་ཡི་ཟེར་ བཤདཔ་ཨིན་པས།

དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་འདྲེན་མ་འཐབ་པའི་ཧེ་མར་ ཚོགས་རྒྱན་འཕྲུལ་ཆས་གསརཔ་༡,༠༠༠ དེ་ཅིག་ མཁོ་སྒྲུབ་འབད་ནི་གི་ མནོ་བསམ་ཡོད་ཟེར་ ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཤདཔ་ཨིན་པས།

དེ་ལས་ བསམ་རྩེ་རྫོང་ཁག་ པདྨ་གླིང་རྒེད་འོག་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་༡༡ གིས་ ངོས་འཛིན་འདྲ་པར་རྙིངམ་ འབག་འོང་ཡོདཔ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ཚོགས་རྒྱན་ངོས་འཛིན་འདྲ་པར་ དུས་ཚོད་ཁར་ བཟོ་བྱིནམ་ལས་ ཁོང་རའི་ཚོགས་རྒྱན་གྱི་ ཐོབ་དབང་སྤྱོད་ཚུགས་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ད་རུང་ ཚོགས་རྒྱན་སྐྱུར་མི་༢༦ ཚོགས་རྒྱན་གྱི་ཐོ་ནང་ ཆོས་སྒོར་ཞུགས་མི་གྲངས་སུ་འཛོལ་ཏེ་ ཐོ་བཀོད་འབད་མི་དེ་ཡང་ མཐའ་བཅད་ཀྱི་ ཚོགས་རྒྱན་ཐོ་ཡིག་གི་ ལྷན་ཐབས་ཐོ་ནང་ བཀོད་ཅི་ཟེར་ཨིན་པས།

གདམ་ངོའི་འཛོམས་འདུ་༢༨༩ འགོ་འདྲེན་འཐབ་མི་ཚུ་ནང་ མི་གྲངས་༦༣,༢༡༦ འབདཝ་ད་ ཨམ་སྲུ་༣༣,༠༤༥ དང་ ཕོ་སྐྱེས་༣༠,༡༧༡ གིས་ བཅའ་མར་གཏོགས་པའི་ཁར་ སྤྱིར་བཏང་འཛོམས་འདུ་༣༡༣ འགོ་འདྲེན་འཐབ་སར་ ཚོགས་རྒྱན་སྐྱུར་མི་༣༤,༠༡༠ (ཨམ་སྲུ་༡༧,༩༤༥ དང་ ཕོ་སྐྱེས་༡༦,༠༦༥) ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

བཙག་འཐུ་ལྷན་ཚོགས་ཀྱི་ དབྱེ་དཔྱད་འབད་མིའི་ནང་ བཙག་འཐུ་གྲུབ་མི་༡༡ སྐྱེས་ལོ་༣༠ སོ་གྲངས་ནང་དང་༦ སྐྱེས་ལོ་༤༠ ཞེ་གྲངས་ དེ་ལས་༣ སྐྱེས་ལོ་༥༠ ང་གྲངས་ནང་ཨིན་པའི་ གསལ་སྟོན་འབད་ཡོདཔ་ད་ ཤེས་ཚད་ཀྱི་ཐད་ལུ་ བཙག་འཐུ་གྲུབ་མི་༩ ལུ་ མཐོ་རིམ་ཤེས་ཚད་གོང་མ་དང་༡༡ ལུ་ མཐོ་རིམ་ཤེས་ཚད་འཆང་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་༣ པའི་ནང་ གོ་གནས་ཐོག་ཡོད་མི་ འཐུས་མི་༥ དང་ སློབ་སྟོན་གྱི་ཉམས་མྱོང་ཡོད་མི་༤ ཚོང་འབྲེལ་གྱི་རྒྱབ་ཁུངས་ཡོད་མི་༤ ཞི་གཡོག་ནང་ལས་༣ དེ་ལས་ བརྡ་བརྒྱུད་དང་ ཁྲིམས་དོན་ སྤྲོ་སྟོན་ལས་སྡེ་ རྒྱལ་ཡོངས་ཚོགས་འདུའི་ནང་ སྤྱི་ཚོགས་ཀྱི་ ཉམས་མྱོང་ཡོད་མི་ འཐུས་མི་རེ་ འོང་ནི་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༥༠ གནས་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡༩.༠༥༠ འདེམས་ངོ་ཚུ་ལུ་ མི་མང་བཙག་འཐུའི་ སྐུལ་བསྒྲགས་མ་དངུལ་སྦེ་ འཛིན་གྲོལ་འབད་ཡོདཔ་ཨིན་པས།

བཙག་འཐུའི་སྐབས་ལུ་ རྩོད་རྙོགས་༨ ཐོན་ཡོད་མི་ལས་༡ ཚོགས་རྒྱན་གྱི་ཉིན་མར་ བསམ་རྩེ་ལས་ ཉོགས་བཤད་བཙུགས་ཡོདཔ་ད་ རྩོད་རྙོགས་ཚུ་ཡང་ བཙག་འཐུའི་རྙོགས་སེལ་ལམ་ལུགས་ཐོག་ལས་ སེལ་ཡོདཔ་ཨིན་པས།

བཙག་འཐུ་དང་འབྲེལ་བའི་ ཞུ་གཏུགས་འབད་ནི་གི་ དུས་ཚོད་དེ་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༨ ལུ་ རྫོགས་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *