ཁྲི་འཛིན་ བཀྲིས་རྡོ་རྗེ།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ བཙག་འཐུ་གྲུབ་ཡོདཔ།

༉ དབང་འདུས་རྫོང་ཁག་གི་འཐུས་མི་ བཀྲིས་རྡོ་རྗེ་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ འཇིགས་མེད་དབང་ཕྱུག་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ བཙག་འཐུ་དེ་ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ འགོ་འདྲེན་འཐབ་ཅི།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ བཀྲིས་རྡོ་རྗེ་གིས་ ཚོགས་རྒྱན་མཐོ་ཤོས་༡༡ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གི་ཤུལ་ལས་ར་ བཀྲིས་སྒང་གི་འཐུས་མི་ ལྷ་ཀྲུ་དང་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ ཚོགས་རྒྱན་༤ རེ་ཐོབ་ཡོདཔ་ད་ གཞལམ་སྒང་གི་འཐུས་མི་ པདྨ་གྲགས་པ་དང་ ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་ དེ་ལས་ ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ ཚོགས་རྒྱན་༢ རེ་ཐོབ་ཅི།
ཚོགས་རྒྱན་ནང་ རྫོང་ཁག་༢༠ གི་འཐུས་མི་༢༠ དང་ ཁྱད་ལྡན་གྱི་འཐུས་མི་༥ འབདཝ་ད་ འཐུས་མི་ཡོངས་བསྡོམས་༢༥ ག་ར་གིས་ བཅའ་མར་གཏོགས་ཡོདཔ་ད་ ཁྲི་འཛིན་གྱི་དོན་ལུ་ འཐུས་མི་༦ གིས་ བཅའ་མར་གཏོགས་ནུག།
སྐྱེས་ལོ་༣༦ ལང་མི་ བཀྲིས་རྡོ་རྗེ་དེ་ ད་རེས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཐེངས་༢ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་ལུ་ རྒྱལ་སྤྱི་མཐུན་འབྲེལ་ནང་ གཙུག་ལག་གོམ་མའི་ཤེས་ཚད་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ཕྱི་འབྲེལ་ལྷན་ཁག་ནང་ མགྲོན་སྐྱོང་འགོ་དཔོན་དང་ ལྟ་བཤལ་ལས་སྡེ་ནང་ཡང་ ལཱ་འབད་ནུག།
ཁོ་གིས་ སླབ་མིའི་ནང་ ཁྲི་འཛིན་གྱི་འགན་ཁུར་དེ་ ངོ་མ་ར་ ཚོགས་ཁང་ནང་ རྒྱལ་ཡོངས་ཚོགས་སྡེའི་ལས་རིམ་དེ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེ་ཚུ་ འགན་ཁུར་ལེགས་ཤོམ་འབག་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ དེ་བཟུམ་གྱི་ གོ་གནས་ཐོབ་མི་དེ་ཡང་ ཡོངས་རྒྱལ་ཚོགས་སྡེའི་འཐུས་མི་ མཉམ་རོགས་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་ལེགས་ཤོམ་གནང་ནི་དེ་གིས་ཨིན་ཟེར་ཨིནམ་ད་ གསུང་གྲོས་ཚུ་གི་དོན་ལུ་ གཙོ་རིམ་ག་ཅི་ར་ བཟུང་ནི་ཡོད་རུང་ འཐུས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ ཕྱག་ལཱ་གནང་ནི་ཟེར་ཨིན་པས།
ཁོ་གིས་ འཐུས་མི་ག་ར་དང་གཅིག་ཁར་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ གསུང་གྲོས་ཀྱི་ གོ་རིམ་འགྲིག་ནི་མ་གཏོགས་ མི་ངོ་རྐྱང་སྦེ་ གྲོས་ཐག་མི་བཅད་ཟེར་ཨིནམ་མ་ཚད་ འདས་པའི་ཚོགས་ཐེངས་༢ ཀྱི་ ཁྲི་འཛིན་གྱིས་ ཕྱག་ལཱ་ལེགས་ཤོམ་མཛད་གནང་མི་དེ་ལུ་ ཁ་སྐོང་ག་ནི་ཡང་ བཀལ་མ་ཚུགས་རུང་ མཐུས་མ་ཤོརཝ་ཅིག་སྦེ་ ཕྱག་ཞུ་ནིའི་རེ་བ་ཡོད་ཟེར་ཨིན་པས།

ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་

ཁྲི་འཛིན་འགན་ཁུར་ངོ་མ་ར་ ཚོགས་ཁང་དེ་ བདག་འཛིན་འབད་ནི་དང་ གསུང་གྲོས་ཚུ་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ ཕྱག་ཞུ་ནི་དེ་ཨིནམ་ལས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
སྐྱེས་ལོ་༣༧ ལང་མི་ འཇིགས་མེད་དབང་ཕྱུག་གིས་ ཚོགས་རྒྱན་༡༣ ཐོབ་སྟེ་ ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གི་འོག་ལས་ར་ ཧཱ་གི་འཐུས་མི་ ཨྱོན་རྣམ་རྒྱལ་གྱིས་ ཚོགས་རྒྱན་༩ ཐོབ་ཡོདཔ་ད་ དེ་ལས་ ཀྲོང་གསར་གྱི་འཐུས་མི་ བཀྲིས་བསམ་གྲུབ་གྱིས་ ཚོགས་རྒྱན་༣ ཐོབ་ཡོདཔ་ད་ ཁྲི་འཛིན་འོག་མའི་དོན་ལུ་ དོ་འགྲན་འབད་མི་ འཐུས་མི་༣ ལས་བརྒལ་མེདཔ་ཨིན་པས།
འཇིགས་མེད་དབང་ཕྱུག་ལུ་ སློབ་དཔོན་མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ཏེ་ དུས་ཅི་འབདཝ་ད་ སྤྱི་ཚོགས་ལན་ཐེངས་༣ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཐུས་མི་གཞན་ཚུ་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་ནི་ཟེར་ཨིནམ་ད་ ད་རེས་ ལོག་བཙག་འཐུ་གྲུབ་མི་དེ་གིས་ འདས་པའི་ཚོགས་ཁང་ནང་ གསུང་གྲོས་གནང་མི་ཚུ་འཕྲོ་མཐུད་དེ་ གསུང་གྲོས་གནང་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བཅིན་ ཁྲི་འཛིན་འོག་མའི་ འགན་ཁུར་ངོ་མ་ར་ ཁྲི་འཛིན་ངོ་ཚབ་སྦེ་ ཁྲི་འཛིན་མེད་པའི་སྐབས་ ཚོགས་ཐེངས་འགོ་འདྲེན་འཐབ་ནི་དང་ འཐུས་མི་དང་ཁྲི་འཛིན་གྱི་བར་ན་ ཟམ་བཟུམ་སྦེ་ཕྱག་ཞུ་ནི་ ཚོགས་ཁང་གི་བྱ་རིམ་ལུ་ འགོ་འདྲེན་འཐབ་ནི་ དེ་ལས་ དྲུང་ཆེན་ཡིག་ཚང་དང་ཚོགས་ཁང་གི་བར་ན་ འབྲེལ་མཐུན་གྱི་ཐོག་ལས་ ལཱ་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *