རྒྱལ་ཡོངས་ཚོགས་སྡེ་ སྤོ་བཤུད་འབད་ནི་ཨིན་མི་ རྒྱལ་པོའི་མགྲོན་ཁང་།

རྒྱལ་ཡོངས་ཚོགས་སྡེ་ རྒྱལ་པོའི་མགྲོན་ཁང་ནང་ སྤོ་བཤུད་འབད་ནིའི་ལས་འཆར།

༉ འཆར་གཞི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ གནམ་དགུན་གྱི་ ཚོགས་བཞུགས་དེ་ རྒྱལ་པོའི་མགྲོན་ཁང་ནང་ འགོ་འདྲེན་འཐབ་ནི་ཨིན་པས།
འདས་པའི་གཞུང་གིས་ རྒྱལ་ཡོངས་ཚོགས་སྡེའི་ སྒྲིང་ཁྱིམ་གསརཔ་རྐྱབ་ནིའི་དོན་ལུ་ རྩིས་ལོ་༢༠༡༧-༡༨ ནང་ མ་དངུལ་ས་ཡ་༡༠༠ དེ་ཅིག་ བགོ་བཀྲམ་འབད་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པའི་ གཞུང་གིས་ འཆར་གཞི་༡༢ པའི་ནང་ གཞུང་གི་ཡིག་ཚང་གསརཔ་ རྐྱབ་ནི་ལུ་ མཚམས་འཇོག་འབད་མི་དེ་གིས་ ཚོགས་སྡེའི་སྒྲིང་ཁྱིམ་ཅིག་ རྐྱབ་ནི་གི་ གྲོས་འཆར་བཙུགས་མི་དེ་ ཆ་མེད་བཏང་པའི་ཤུལ་ལས་ གནད་དོན་དེ་ བྱུང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ ད་ལྟོའི་ ཚོགས་ཁང་དེ་ ས་གོ་དོག་དྲགས་ཡོདཔ་ལས་ སྒྲིང་ཁྱིམ་གསརཔ་དགོ་པའི་ གྲོས་འཆར་བཙུགས་མི་དང་འཁྲིལ་ མགྲོན་ཁང་ལག་ལེན་ འཐབ་ཆོག་པའི་ གནང་བ་ཐོབ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བརྡ་བརྒྱུད་མགྲིན་ཚབ་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ བཤད་མིའི་ནང་ གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་དེ་ རྒྱལ་པོའི་མགྲོན་ཁང་ནང་ འཚོགས་ནི་གི་ འཆར་གཞི་ཡོད་རུང་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་མ་བཏུབ་པ་ཅིན་ གནམ་བྱཱར་གྱི་ ཚོགས་བཞུགས་སྐབས་ གྲ་སྒྲིག་འགྱོ་འོང་ཟེར་ཨིན་པས།
ཁྲི་འཛིན་འོག་མ་གིས་འབད་བ་ཅིན་ ཚོགས་ཁང་གསརཔ་དེ་ སྒོ་ཡངས་དྲགས་ཡོད་པའི་ཁར་ ཁང་མིག་དང་ སྐུ་ཆེནམོ་བཞུགས་ས་ དེ་ལས་ བརྡ་བརྒྱུད་སྡོད་སའི་ མཐུན་རྐྱེན་ཚུ་ ལེགས་ཤོམ་འོང་ཟེར་ཨིནམ་ད་ ད་ལྟོའི་ ཚོགས་ཁང་ནང་འབད་བ་ཅིན་ མཐུན་རྐྱེན་ག་ནི་ཡང་མེད་པའི་ཁར་ མི་གཞན་ཚུ་ཕར་བཞག་ འཐུས་མི་ཚུ་ཡང་ ཤོང་ཚུགས་པར་ ལཱ་ཁག་བཏང་མས་ཟེར་ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ བཤདཔ་ཨིན་པས།
འདས་པའི་གཞུང་གིས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཁང་རྐྱབ་ནིའི་དོན་ལུ་ གླང་རྒྱུག་ཕར་ཁ་ལུ་ ས་ཆ་ཨེ་ཀར་༣ དེ་ཅིག་ ངོས་འཛིན་འབད་ཡོད་རུང་ གཞུང་གསརཔ་གིས་ འཆར་གཞི་༡༢ པའི་ནང་ ཚོགས་ཁང་རྐྱབ་ནི་ འགོ་མ་བཙུགས་པའི་ཧེ་མ་ར་ ཐིམ་ཕུག་ལུ་ ས་གོ་ཡོད་མེད་ཀྱི་ འོས་འབབ་ཚུ་ བལྟ་འོང་ཟེར་ བཤད་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ནང་ ཐིམ་ཕུག་དང་ ས་གོ་གཞན་ཁར་ གཞུང་གི་ཡིག་ཚང་༢༥ རྐྱབ་ནིའི་ གྲོས་འཆར་བཙུགས་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་དེ་ སྒྲིང་ཁྱིམ་གསརཔ་ནང་ སྤོ་བཤུད་འབད་བའི་ཤུལ་ལས་ ས་གོ་ལ་ལོ་ཅིག་ རྒྱལ་ཡོངས་ཚོགས་འདུ་གིས་ ལེན་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ སླབ་མིའི་ནང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་ ལག་ལེན་འཐབ་མི་ ཁྱིམ་ལ་ལོ་ཅིག་ རྒྱལ་ཡོངས་ཚོགས་འདུ་གིས་ ལེན་དགོཔ་སྦེ་ གསུངས་ཡོདཔ་ལས་ དེ་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་ནི་ལུ་ འཇམ་ཏོང་ཏོ་ འགྱོ་འོང་ཟེར་ཨིན་པས།
འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་རུང་ དུམ་གྲ་ཅིག་ དཀའ་ངལ་སེལ་ཐབས་ འབད་ཚུགས་ནི་ཨིནམ་ད་ འཐུས་མི་ཚུ་གི་ ཡིག་ཚང་ནང་ འཐུས་མི་རེ་གི་ ཞིབ་འཚོལ་འགོ་དཔོན་རེ་དང་ རྒྱལ་ཡོངས་ཚོགས་འདུའི་ ཡིང་ཚང་གི་ ལས་བྱེདཔ་ དེ་ལས་ འཐུས་མི་༦༤ སྡོད་དོ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ཡིག་ཚང་ཚུ་ ལེགས་ཤོམ་ཅིག་ རེ་འདོད་བསྐྱེད་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་དང་ མི་སེར་ཚུ་ ཁོང་ཕྱད་པར་ འོང་པའི་སྐབས་ སྒེར་གསང་ཅིག་ དགོ་ཐབས་ལུ་ཨིནམ་ད་ འཐུས་མི་ཚུ་ལུ་ སྟབས་མ་བདེཝ་ བྱུང་སྟེ་འདུག་ཟེར་ དྲུང་ཆེན་གྱིས་ བཤད་ཡོད་རུང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ ནམ་སྤོ་བཤུད་འབད་ནི་ཨིན་ན་ ཐག་མ་བཅད་པར་ཡོདཔ་ཨིན་པས།
འདས་པའི་གཞུང་གིས་ འཆར་གཞི་༡༢ པའི་ནང་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་རྐྱབ་ནིའི་དོན་ལས་ མ་དངུལ་བགོ་བཀྲམ་འབད་ཡོད་རུང་ ད་ལྟོའི་གཞུང་གིས་ ཆ་མེད་བཏང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ དྲིས་ལན་འབད་བའི་སྐབས་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དྲུང་ཆེན་དང་ གཞུང་གི་བར་ན་ འཐུས་མི་ཚུ་གི་ ཡིག་ཚང་སྤོ་བཤུད་འབད་ནི་གི་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ བཤད་པའི་ཁར་ འཐུས་མི་ཚུ་གི་ ཡིག་ཚང་དེ་ ལེགས་ཤོམ་ཅིག་ དགོཔ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *