མོང་སྒར་གྱི་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ ངན་ལྷད་སྔོན་འགོག་དང་ གདོང་ལེན་འབད་ནིའི་དོན་ལུ་ གོ་བརྡ་སྤྲོད་དགོ་པའི་སྐོར་ ཞུ་བའི་བསྒང་།

རྒྱལ་ཡོངས་ཚོགས་སྡེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ མ་དངུལ་ལངམ་མེད་པའི་ཚ་གྱང་།

༉ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༧ ཅན་མའི་ཐོག་ལུ་ གསུང་གྲོས་གནངམ་ད་ ཚོགས་སྡེའི་གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་ཚོགས་ཁང་ནང་ ལྷན་ཚོགས་ཀྱི་ འཆར་དངུལ་དང་འབྲེལ་བའི་ དཀའ་ངལ་ཚུ་ལུ་ དམིགས་བསལ་ཐོག་ གཟིགས་ཞིབ་གནང་དགོ་པའི་ གྲོས་འཆར་ཕུལ་ཡི།
དེ་འབདཝ་ལས་ ལོ་བསྟར་འཆར་དངུལ་ གསུང་གྲོས་གནང་པའི་སྐབས་ ཚོགས་ཁང་གིས་ དགོས་མཁོ་དང་བསྟུན་པའི་ རྒྱབ་སྐྱོར་དང་ གྲོས་འདེབས་ཚུ་ ཕུལ་དགོཔ་ཁག་ཆེ་བས་ཟེར་ ཚོགས་ཆུང་གིས་ གསལ་ཞུ་འབད་ཡི།
ལྷན་ཚོགས་ཀྱི་ འགན་ཁུར་ཚུ་ རང་དབང་ཐོག་ལས་ འགྲུབ་ཐབས་ལུ་ གཞུང་གི་ཧོངས་ལས་ འཆར་དངུལ་ ལངམ་སྦེ་ སྐལ་བཞག་མ་འབད་བས་ཟེར་ཨིན་པས།
ལྷན་ཚོགས་ལུ་ རྩིས་ལོ་༢༠༡༦-༡༧ དང་ དངུལ་ཀྲམ་ས་ཡ་༡༤༠.༧༨ དང་ རྩིས་ལོ་༢༠༡༧-༡༨ ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༤༢.༢༨ དེ་ཅིག་ སྐལ་བཞག་འབད་ཡོདཔ་ད་ འདས་པའི་ལོ་དང་ཕྱདཔ་ད་ ལྷན་ཚོགས་ཀྱི་ མི་སྟོབས་ཡར་སེང་སོང་ཡོད་རུང་ ད་རེས་ འཆར་དངུལ་དེ་ ཡར་སེང་མ་འབད་བས་ཟེར་ ལོ་བསྟར་སྙན་ནང་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཆར་གཞི་༡༢ པའི་ནང་ གསར་སྒྲུབ་འཆར་དངུལ་ས་ཡ་༢༡༡ དགོས་མཁོ་ཡོད་པའི་ གྲོས་འཆར་བཙུགས་ཡོད་རུང་ འཆར་དངུལ་ས་ཡ་༧༥ ལས་བརྒལ་ མ་གནངམ་ལས་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ཨིནམ་བཞིན་དུ་ འཆར་དངུལ་དེ་ཡང་ འཆར་གཞི་༡༡ པ་དང་ཕྱདཔ་ད་ ཉུང་སུ་ཅིག་དང་ ལྷན་ཚོགས་ཀྱི་ ལག་ལེན་ལྕོགས་གྲུབ་ལས་ དམའ་སུ་སྦེ་འདུག་ཟེར་ཨིན་པས།
ལེགས་ལྡན་གཞུང་སྐྱོང་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་མོ་གིས་ ཞུ་མིའི་ནང་ གནད་དོན་དེ་གི་སྐོར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ གསུང་གྲོས་གནང་ནི་ཟེར་ཨིནམ་ད་ ད་ལྟོའི་ འཆར་དངུལ་དེ་ཡང་ གཏན་འཁེལ་མེནམ་ལས་ ཟིན་བྲིས་ཨིན་ཟེར་ཞུ་ཡི།
ཚོགས་ཆུང་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ལྷན་ཚོགས་ལུ་ འཆར་དངུལ་ལངམ་སྦེ་ར་ ཐོབ་ནུག་ཟེར་ཨིནམ་ད་ འཆར་དངུལ་དེ་ མང་ཤོས་ར་ གོང་འཕེལ་ཐལ་མི་ རྒྱལ་ཁབ་ཚུ་གི་ གྲོགས་རམ་ལུ་བརྟེན་ སྡོད་ཡོད་རུང་ སུ་ཡིཛ་གོང་འཕེལ་མཉམ་འབྲེལ་གྱིས་ སྤྱི་ལོ་༢༠༡༧ ལས་ གྲོགས་རམ་བྱིན་ནི་ མཚམས་འཇོག་འབད་ནུག་ཟེར་ཨིན་པས།
གཞུང་གིས་ རྩི་ལོ་༣ ནང་འཁོད་ལུ་ འཆར་དངུལ་ཚུ་ རྒྱ་ཆེ་དྲག་ས་སྦེ་ར་ རྒྱབ་སྐྱོར་གནང་ཡོད་རུང་ ད་རེས་ ལྷན་ཚོགས་ཀྱིས་ མ་དངུལ་ལངམ་སྦེ་ འཐོབ་ནིའི་དོན་ལུ་ གཞུང་ལུ་ བརྟེན་སྡོད་དགོ་པའི་ ཚ་གྱང་ཚུ་ བཤད་ནུག།
ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཚོགས་དམངས་ལུ་ ཞུ་མིའི་ནང་ གཞུང་གིས་ འདས་པའི་ལོ་༥ འི་ནང་ འཆར་དངུལ་ཚུ་ མར་ཕབ་འབད་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ལོ་བསྟར་འཆར་དངུལ་ལས་ བརྒྱ་ཆ་༠.༢ མ་གཏོགས་ མ་ཐོབ་ཨིན་པས།
མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ཞུ་མའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་༢ འཆར་དངུལ་སྐལ་བཞག་གི་དོན་ལུ་ གྲོས་བསྟུན་འབད་དགོཔ་ཡོད་པའི་ཁར་ གཞུང་གིས་འབད་རུང་ ལྷན་ཚོགས་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་འབདཝ་ལས་ མ་དངུལ་ཚུ་ལངམ་སྦེ་ སྤྲོད་དགོཔ་འདུག་ཟེར་ཨིན་པས།
བུམ་ཐང་གི་འཐུས་མི་ ཉི་མ་གིས་འབད་བ་ཅིན་ ལྷན་ཚོགས་ལུ་ འཆར་དངུལ་ཚུ་ལངམ་སྦེ་ རྒྱབ་སྐྱོར་ཐོག་ལུ་ འཆར་དངུལ་ཉེན་སྲུང་དེ་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིནམ་ད་ འཐུས་མི་མང་ཤོས་ཅིག་གིས་ ཞུ་མིའི་ནང་ གལ་སྲིད་ འཆར་དངུལ་ཚུ་ ལངམ་སྦེ་མ་བྱིན་པ་ཅིན་ ལྷན་ཚོགས་ཀྱིས་ ལཱ་འབད་ནི་ལུ་ ཐོ་ཕོག་ཉེན་ཡོད་པའི་ ཚ་གྱང་ཞུ་ཡི།
འདས་པའི་ལོ་ཚུ་དང་ཕྱདཔ་ད་ ས་གནས་གཞུང་ལས་ ཉོགས་བཤད་ཐོན་མི་དེ་ མཐོ་ཤོས་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༧ ལུ་ ལྷན་ཚོགས་ལུ་ ཉོགས་བཤད་༣༠༥ ལྷོད་མིའི་གྲས་ལས་༨༡ ས་གནས་གཞུང་གི་སྐོར་ཨིན་པས།
ཚོགས་ཆུང་གི་ ཁྲི་འཛིན་འོགམ་དང་ བཀྲིས་སྒང་གི་འཐུས་མི་ ལྷ་ཀྲུ་གིས་འབད་བ་ཅིན་ ད་རེས་ ས་གནས་གཞུང་ལས་ ཉོགས་བཤད་མངམ་ལྷོད་མི་དེ་ཡང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་ འགན་ཁུར་ཐེབས་ཡོད་པའི་ཁར་ གཞུང་གི་འགོ་དཔོན་ཚུ་ བྱོན་པའི་སྐབས་ བཅའ་སྒྲིག་དང་ བསུ་ལེན་ཚུ་ནང་ འདུ་འཛི་ཅན་སྦེ་ སྡོད་དགོཔ་བྱུང་མི་ལུ་བརྟེན་ འོང་སྲིན་ནི་དང་ ས་གནས་གཞུང་གི་ ཡིག་ཚང་ཚུ་ནང་ མི་སྟོབས་ཀྱི་ དཀའ་ངལ་ལུ་བརྟེན་ཏེ་ཡང་ ཨིནམ་བཟུམ་འདུག་ཟེར་ཨིན་པས།
ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ ས་གནས་གཞུང་ཚུ་ནང་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་ཡར་སེང་འགྱོ་མི་དེ་ གཞུང་གི་འཆར་དངུལ་ཚུ་ ག་དེ་སྦེ་ ལག་ལེན་འཐབ་དོ་ག་ཟེར་དང་ མི་སེར་ཚུ་གིས་ ངན་ལྷད་སྐོར་ལས་ ཧ་གོ་ཡོད་པའི་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་མས་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ངན་ལྷད་རྩ་མེད་གཏང་ནི་དེ་ ལཱ་ཁག་ཅིག་ཨིན་རུང་ མི་སེར་ཚུ་ལུ་ ངན་ལྷད་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་ བྱིན་པ་ཅིན་ འགྲོས་ཀྱིས་སྦེ་ རྩ་མེད་གཏང་ཚུགས་ཟེར་ཨིན་པས།
མོང་སྒར་གྱི་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ ཞུ་མིའི་ནང་ ངན་ལྷད་དེ་ ག་ཅི་བཟུམ་ཅིག་ནང་ ཚུདཔ་ཨིན་ནའི་སྐོར་ ས་གནས་གཞུང་དང་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ཨིན་པས།
ས་གནས་གཞུང་ནང་ འཆར་དངུལ་གྱི་དབང་ཚད་ ཡར་སེང་འབད་མིའི་ཐད་ལུ་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཞུ་མའི་ནང་ དྭངས་གསལ་དང་ འགན་འཁྲི་ཚུ་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིན་པས།
དབང་ཚད་ལོག་སྤྱོད་ཀྱི་ ཉོགས་བཤད་མང་ཤོས་ར་ མི་མང་ཞབས་ཏོག་ ཞུ་མི་ཚུ་གི་སྐོར་ཨིནམ་ད་ དེ་ཡང་ མང་ཤོས་ར་ འདས་པའི་ལོ་ནང་ ཐིམ་ཕུག་དང་ ཆུ་ཁ་རྫོང་ཁག་ལས་ ཐོན་ཡོདཔ་ཨིན་པས།
ས་གནས་གཞུང་དང་ དབང་ཚད་ལོག་སྤྱོད་ དེ་ལས་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་མཐོ་ཤོས་ཐོན་མི་ རྫོང་ཁག་༢ ནང་ ངན་ལྷད་ཀྱི་ གདོང་ལེན་འབད་ཐབས་ལུ་ ལྷན་ཚོགས་ཀྱིས་ དམིགས་བསལ་གྱི་ བར་ཞུགས་འབད་དགོཔ་སྦེ་ ཚོགས་ཆུང་གིས་ གྲོས་འཆར་ཕུལ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལས་བྱེདཔ་༡༤༧ ཆ་འཇོག་གྲུབ་མི་ལས་ ད་རེས་ ལས་བྱེདཔ་༡༡༢ ཡོདཔ་ད་ རྒྱལ་སྤྱིའི་དྭངས་གསལ་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ འབྲུག་རྒྱལ་ཁབ་ཀྱིས་ ཨང་རིམ་༢༧ ལས་༢༦ དང་ སྐུགས་ཚད་༦༥ ལས་༦༧ ལུ་ ཡར་འཕར་སོང་སྟེ་ཡོདཔ་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་གིས་ ཚོགས་ཆུང་གི་ གྲོས་འདེབས་ཚུ་ ཆ་འཇོག་གི་དོན་ལུ་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *