རྒྱལ་ཡོངས་ཚོགས་སྡེ་གིས་ ཞི་གཡོག་ལེགས་བསྒྱུར་དཔྱད་ཡིག་གུ་ ལོག་གསུང་གྲོས་གནང་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཞི་གཡོག་ལེགས་བསྒྱུར་དཔྱད་ཡིག་གུ་ གསུང་གྲོས་གནང་པའི་སྐབས་ ཚོགས་སྡེའི་ཁྲིམས་བཟོ་ཚོགས་ཆུང་གིས་ དཔྱད་ཡིག་གི་དོན་ཚན་༣༡ པ་དེ་ ཕྱིར་དབྱུང་གཏང་དགོ་པའི་ གྲོས་འདེབས་ཕུལ་ཡི།

དེ་ཡང་ ཚོགས་ཆུང་དང་འཁྲིལ་བ་ཅིན་ དོན་ཚན་དེ་ ཞི་གཡོག་ལེགས་བསྒྱུར་དང་ འབྲེལ་བ་མེད་པའི་ཁར་ ག་དེམ་ཅིག་སྦེ་ གནད་དོན་དེ་ཡོད་པ་ཅིན་ བྱ་སྟབས་མི་བདེ་ནི་མས་ཟེར་ཨིན་པས།

དོན་ཚན་དང་འཁྲིལ་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ མཚམས་སྦྱོར་བཅའ་ཡིག་དང་འཁྲིལ་ཏེ་ གནོད་འགེལ་ཆུང་བ་ཚུ་ མཚམས་སྦྱོར་འབད་དགོ་ཟེར་ བཀོད་དེ་འདུག།

ཨིན་རུང་ ཚོགས་ཁང་གིས་ ཚོགས་ཆུང་ལུ་ དཔྱད་ཡིག་དེ་ འོས་འབབ་བལྟ་ཞིནམ་ལས་ ད་རིས་ གསལ་ཞུ་འབད་དོག་པའི་ བཀའ་རྒྱ་གནང་ཡི།

བསམ་རྩེ་རྫོང་ཁག་གི་འཐུས་མི་ ཏིར་ཐ་མཱན་རའེ་གིས་ ཞུ་མིའི་ནང་ ཞི་གཡོག་ལེགས་བསྒྱུར་འབད་བའི་སྐབས་ དྲང་ཁྲིམས་ལུ་ཡང་ གཞི་བསྒྱུར་འབད་དགོཔ་དེ་ ཁག་ཆེ་དྲག་སྦེ་ མཐོང་ཅི་ཟེར་ཨིན་པས།

དེ་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནོད་འགེལ་ཆུང་བ་ཚུ་ མཚམས་སྦྱོར་འབད་དགོཔ་ཡོད་མི་ལུ་ ངོས་ལེན་ཡོད་མི་ཡང་ ད་རེས་ ན་གཞོན་མང་ཤོས་ཅིག་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེས་ཏེ་ དོ་དམ་འོག་ལུ་ ཚུད་དེ་འདུག་ཟེར་ཨིན་པས།

ཧཱ་གི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ ཧེ་མ་འབད་བའི་སྐབས་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ གནད་དོན་དེ་ བཙུགས་བཙུགསཔ་འོང་ནི་ཨིནམ་ད་ ད་རེས་ དྲང་ཁྲིམས་ལྷན་སྡེའི་ནང་ རྩོད་གཞི་མང་དྲགས་ནི་དེ་གིས་ རྩོད་གཞི་ཡུན་འགྱངས་ལུས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

ཁོ་གིས་ དཔེ་བཟུམ་ཅིག་སྦེ་ ཞུ་མིའི་ནང་ ན་གཞོན་ཅིག་གིས་ ཨར་རྐུན་འབད་དེ་ ཁྲིམས་ཁང་ནང་ རྩོད་གཞི་ཕྱེས་ཏེ་ ཉེས་འགེལ་ཕོག་པ་ཅིན་ ན་གཞོན་དེ་གི་ མི་ཚེ་གཅིག་གི་རིང་ གནོད་པ་རྐྱབ་མས་ཟེར་ཨིན་པས།

གསར་སྤང་རྫོང་ཁག་གི་འཐུས་མི་ ཨ་ནཱན་རའེ་གིས་ ཞུ་མིའི་ནང་ གཞུང་ལུ་ དབང་ཚད་མ་བྱིན་པ་ཅིན་ གཞུང་སྐྱོང་ལེགས་ལྡན་ལེགས་ཤོམ་བཟོ་ནི་ལུ་ ལཱ་ཁག་འོང་ནི་ཨིནམ་ལས་ རྩོད་དཔོན་ཡོངས་ཁྱབ་ལུ་ གནོད་འགེལ་ཆུང་བ་ཚུ་ མཚམས་སྦྱོར་འབད་ནིའི་གནང་བ་ཚུ་ བྱིན་དགོ་ཟེར་ཨིན་པས།

ཚོགས་ཆུང་གི་དོགས་སེལ།

ཁྲིམས་བཟོའི་ཚོགས་ཆུང་གི་ཁྲི་འཛིན་འོགམ་ ཁྱད་ལྡན་གྱི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ དོགས་སེལ་ཞུ་མིའི་ནང་ གནོད་འགེལ་ཆུང་བ་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཚམས་སྦྱོར་འབད་དགོ་པའི་དོན་ཚན་དེ་ ཞི་གཡོག་ལེགས་བསྒྱུར་གྱི་ གཞི་རྩ་དང་དམིགས་དོན་དང་ འབྲེལ་བ་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གཞི་བསྒྱུར་འོང་དགོ་པ་ཅིན་ རྩོད་དཔོན་ཡོངས་ཁྱབ་དང་ ཡང་ཅིན་ གནོད་འགེལ་ཁྲིམས་དེབ་ནང་ འཁོད་དགོ་པའི་ཁར་ མཚམས་སྦྱོར་འབད་དགོཔ་དེ་ ཁྲིམས་འཐུས་བཏབ་སྟེ་ གཏང་དགོཔ་ལས་ དབང་ཚད་སྦོམ་ཡོདཔ་བཞིན་དུ་ ཁྲིམས་ལུ་མ་འཁྲིལ་བར་ འབད་ནི་གི་ ལམ་ལུགས་ཅིག་ཨིན་མས་ཟེར་ཞུ་ཡི།

ནང་འཁོད་ཀྱི་ གྲོས་བསྟུན་འབད་བའི་སྐབས་ གནོད་འགེལ་ཆུང་བ་དེ་ ཉེས་ཁྲའི་འོག་རྒྱུ་ཕོག་མི་དང་ ལོ་༣ གྱི་འོག་རྒྱུ་ཕོག་མི་ཚུ་ཨིནམ་སྦེ་ བཤད་ཡོདཔ་ད་ དེ་ལུ་ ཉེས་ཆད་བཀལ་དང་ ཉེས་པ་ཡངས་ཁྲའི་ ལམ་ལུགས་ཅིག་ཡང་ཡོད་ཟེར་ ཁྱད་ལྡན་གྱི་འཐུས་མི་གིས་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ཁྲིམས་ལོ་༣ ཕོག་པའི་ ངན་ལྷད་ག་ར་ ཁྲིམས་འཐུས་བཏབ་སྟེ་ རྩོད་གཞི་མཇུག་བསྡུ་ནི་བཟུམ་ཡོདཔ་ད་ ཚོགས་ཆུང་གིས་ བཅའ་ཁྲིམས་གཞན་ཚུ་ ཞིབ་འཚོལ་འབད་བའི་སྐབས་ གནོད་འགེལ་ཁྲིམས་ནང་༡༧༠ངན་ལྷད་ཡོད་པའི་གྲས་ལས་༡༠༧ དེ་ ཉེས་ཁྲ་གི་འོག་རྒྱུ་ཚུད་མས་ཟེར་ཞུ་ཡི།

དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཨིན་པ་ཅིན་ ངན་ལྷད་༢༧ ཉེས་ཁྲ་འོག་ལུ་ ཚུད་མི་འབདཝ་ད་ ཁྲིམས་འཐུས་བཏབ་སྦེ་ གཏང་ནི་ཨིནམ་ད་ བརྡ་དོན་དང་བརྒྱུད་བཅའ་ཁྲིམས་ནང་ ངན་ལྷད་༢༨ དེ་ཅིག་ཡོད་པའི་ཁར་ གཞན་བཅའ་ཁྲིམས་ཚུ་ནང་ཡང་འདུག་ཟེར་ ཚོགས་ཆུང་གི་ ཁྲི་འཛིན་འོགམ་གིས་ཞུ་ཡི།

དེ་འབདཝ་ལས་ ཁྱད་ལྡན་གྱི་འཐུས་མི་གིས་ ཞུ་མིའི་ནང་ ད་ལྟོ་བལྟ་བ་ཅིན་ ཁྲིམས་ཀྱི་ལམ་ལུགས་ར་ སོར་གཏང་དོ་བཟུམ་མཐོང་ཡོདཔ་ལས་ དེ་གིས་ བཅའ་ཁྲིམས་གཞན་ཚུ་ལུ་ གནོད་པ་སྦོམ་འདུག་ཟེར་ཞུ་ཡི།

ཞི་གཡོག་ལེགས་བསྒྱུར་གྱི་གཞི་རྩ་དེ་ འགན་འཁྲི་བཀལ་ནི་ཨིནམ་ལས་ ཁྲིམས་དམ་དམ་དང་ ཆགས་སྡང་ཕྱོགས་རིས་མེད་པར་ དོན་སྨིན་ཅན་སྦེ་ བསྟར་སྤྱོད་འབད་དེ་ མི་སེར་ཚུ་གིས་ ཁྲིམས་ལུ་གུས་ཞབས་དང་ བརྩི་བཀུར་བསྐྱེད་བཅུག་དགོ་ཟེར་ ཁྱད་ལྡན་གྱི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ད་རེས་ ངན་ལྷད་བརྒྱ་ཆ་༦༣ དེ་ཅིག་ཡོདཔ་ལས་ ངན་ལྷད་འབད་མི་ཚུ་ ཁྲིམས་ཁང་ནང་ར་ མ་བཀལ་བར་ ཁྲིམས་འཐུས་བཏབ་ཅིག་ར་ གཏང་པ་ཅིན་ འགན་ཁྲི་མི་འོང་ནི་ཨིན་པའི་ཁར་ མི་ཚུ་གིས་ ཁྲིམས་ལུ་ཚེར་སྣང་ར་ འོང་མི་བཏུབ་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ངན་ལྷད་མང་ཤོས་ར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་མེད་པའི་སྐབས་ བྱུང་དོ་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་གིས་ བསྐོ་བཞག་འབད་དེ་མེདཔ་ལས་ བཙག་འཐུ་ལས་གྲུབ་པའི་གཞུང་གིས་ བསྐོ་བཞག་འབད་དོ་ཡོད་མི་ལུ་བརྟེན་ ངན་ལྷད་མང་སུ་ ཐོན་མས་ཟེར་ཞུ་ཡི།

ཁྱད་ལྡན་གྱི་འཐུས་མི་གིས་ ཞུ་མིའི་ནང་ རྒྱལ་ཁབ་གཞན་ཁར་ གཞུང་དང་ རྩོད་དཔོན་ཡོངས་ཁྱབ་༢ མགུ་མཐུད་དེ་ ལྡོག་ཕྱོགས་ཚོགས་པ་གི་ བཟའ་ཚང་དང་ རྒྱབ་སྐྱོར་པ་ཚུ་གིས་ ཧེ་མར་ ལཱ་འཛོལ་བ་དུམ་གྲ་རེ་འབད་རུང་ ག་ར་སློངས་ཏེ་ ཁྲིམས་བཀལ་བའི་ལོ་རྒྱུས་ ལེ་ཤ་འདུག་ཟེར་ཨིན་པས།

ཨིན་རུང་ གཞུང་གི་རྩོད་གཞི་ཨིན་པ་ཅིན་ རྩོད་གཞི་འབད་ནི་མེད་པའི་ཁར་ བསྣར་འགྱངས་སྦེ་བཞག་དོ་ཡོདཔ་ད་ ལ་ལོ་མཚམས་སྦྱོར་འབད་དེ་ ཁྲིམས་འཐུས་བཏབ་ཅི་ར་ བཏང་དོ་ཡོད་པའི་ གནད་དོན་ཡང་འདུག་ཟེར་ ཁྱད་ལྡན་གྱི་འཐུས་མི་གིས་ཞུ་ཡི།

ཨིན་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ དེ་བཟུམ་མའི་ གནས་སྟངས་མ་འབྱུང་ཟེར་ཨིནམ་ད་ གཞུང་དང་ རྩོད་དཔོན་ཡོངས་ཁྱབ་འབད་རུང་ ཆགས་སྡང་ཕྱོགས་རིས་མེད་པར་ ལཱ་འབད་ཡོདཔ་སྦེ་ གོ་ཡི་ཟེར་ཨིན་པས།

དེ་འབདཝ་ལས་ མ་འོངས་པ་ལུ་ ག་དེ་སྦེ་ འགྱོ་ནི་ཨིན་ན་ མ་ཤེས་མི་ལུ་བརྟེན་ དོན་ཚན་ཕྱིར་དབྱུང་བཏང་མི་དེ་ གནད་དོན་དེ་ལུ་བརྟེན་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ ངན་ལྷད་དང་ ན་གཞོན་དང་འབྲེལ་བའི་ གནད་དོན་ཚུ་ ཡར་སེང་སོང་སྟེ་ཡོདཔ་ལས་ ད་རེས་ཀྱི་ དོན་ཚན་བཞག་པ་ཅིན་ ཁྲིམས་འཐུས་བཏབ་ཐོག་ལས་ གཏང་དགོཔ་འབྱུང་ནི་ཨིནམ་ལས་ སྟབས་མ་བདེཝ་སྦོམ་འདུག་ཟེར་ ཨོ་རྒྱན་ཚེ་རིང་གིས་ ཞུ་ཡི།

ཁོ་གིས་འབད་བ་ཅིན་ ཁྲིམས་འཐུས་བཏབ་སྦེ་བཏངམ་ད་ ཉེས་གཤེར་བཀལ་བཀལཝ་མེད་པའི་ཁར་ ཁྲིམས་ཀྱིས་ དབྱེར་མེད་འདྲ་མཉམ་གྱིས་ དྲང་བཤེར་གྱི་ ཞིབ་དཔྱད་འབད་དེ་མེདཔ་ལས་ ཁྲིམས་ཀྱི་བརྗེ་ཐོག་ མི་སྡོད་ནི་ལ་སོགས་པའི་ དཀའ་ངལ་ལེ་ཤ་ཡོདཔ་ལས་ ཚོགས་ཆུང་གི་ཁ་ཐུག་ལས་ དོན་ཚན་དེ་ ཕྱིར་དབྱུང་གཏང་ནི་སྦེ་ ཐག་བཅག་ཅི་ཟེར་ཞུ་ཡི།

མགར་ས་རྫོང་ཁག་གི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ཞུ་མིའི་ནང་ གནད་དོན་དོན་ལུ་བལྟ་བ་ཅིན་ དྲང་ཁྲིམས་ལྷན་སྡེ་ལུ་ གཞུང་གིས་ ལགཔ་རྐྱབ་ནིའི་ཉེན་ཁ་མཐོང་ཡོདཔ་བཞིན་དུ་ དྲང་ཁྲིམས་ལྷན་སྡེ་དང་ འཛིན་སྐྱོང་ལྷན་སྡེ་ དེ་ལས་ ཁྲིམས་བཟོ་ལྷན་སྡེ་ཚུ་གིས་ རང་སོའི་འགན་དབང་ཚུ་ ཐ་དད་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྲིད་ལུ་བརྟེན་ ཉེན་ཁ་དང་ ཆགས་སྡང་ཕྱོགས་རིས་ འགྱོ་ནིའི་ཉེན་ཁ་ཡོདཔ་ད་ གནོད་འགེལ་ཆུང་བ་དེ་ ག་དེམ་ཅིག་ལུ་ དགོ་ནི་ཨིན་ན་ དེ་ཚུ་ཡང་ ཁ་གསལ་བཀོད་དེ་མེདཔ་ལས་ ཉེན་ཁ་སྦོམ་ འདུག་འདུག་ཟེར་ཞུ་ཡི།

དོན་ཚན་བཙུགས་དགོ་པའི་ རྒྱབ་ཁུངས་ལུ་བལྟ་བ་ཅིན་ དྲང་ཁྲིམས་ལྷན་སྡེའི་ཁ་ཐུག་ལས་ ལཱ་འབད་བའི་སྐབས་ ལཱ་མངམ་མི་འཐོན་ནི་དང་ ཟད་འགྲོ་མངམ་མི་འགྱོ་ནི་ དེ་ལས་ མི་སྟོབས་ཀྱི་ དཀའ་ངལ་བསལ་ནིའི་དོན་ལུ་ཨིན་མས་ཟེར་ འཐུས་མི་རྡོ་རྗེ་མཁའ་འགྲོ་གིས་ཞུ་ཡི།

འཐུས་མི་གིས་ ཞུ་མིའི་ནང་ ལཱ་དེ་ མང་ཉུང་ག་དེ་སྦེ་ཡོད་རུང་ དྲང་ཁྲིམས་ལྷན་སྡེ་གི་ ལཱ་ཅིག་འབདཝ་ལས་ འཛིན་སྐྱོང་གི་ཁ་ཐུག་ལས་ ཚ་གྱང་ལང་དགོཔ་མེདཔ་བཞིན་དུ་ དྲང་ཁྲིམས་ལྷན་སྡེ་གིས་ ཨིན་ན་མེན་ནའི་ དབྱེ་བ་དཔྱད་དེ་ དྲང་ཁྲིམས་བྱིན་ནི་དེ་ཨིན་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ ཞི་གཡོག་ལེགས་བསྒྱུར་གྱི་ དཔྱད་ཡིག་དེ་ལུ་ ངོས་ལེན་འབད་ཡོདཔ་བཞིན་དུ་ ད་རིས་ ཆ་འཇོག་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *